རྒྱ་རིགས་དྲ་རྒྱའི་རྩོམ་པ་པོ་ཞིག་ལོ་གསུམ་བཙོན་བཅུག་བྱས་པ།

རྒྱ་ནག་གཞུང་གིས་དྲ་རྒྱའི་རྩོམ་པ་པོ་ཞིག་ལ་རྒྱལ་ཁབ་མགོ་རྟིང་སློག་རྒྱུར་ཀུན་སློང་བྱས་པའི་ཉེས་བཙུགས་ཐོག་ནས་ལོ་གསུམ་བཙོན་ཐག་བཅད།

༄༅༎རྒྱ་ནག་གཞུང་གིས་དྲ་རྒྱའི་རྩོམ་པ་པོ་ཞིག་ལ་རྒྱལ་ཁབ་མགོ་རྟིང་སློག་རྒྱུར་ཀུན་སློང་བྱས་པའི་ཉེས་བཙུགས་ཐོག་ནས་བཙོན་འཇུག་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པའི་སྐོར་ཁོང་གི་ཁྲིམས་རྩོད་པས་འགྲེལ་བརྗོད་གནང་བཞག

དེ་ཡང་ཕྱི་ཚེས་ཉི་ཤུ་གཅིག་ཉིན་གྱི་སྔ་དྲོ་ཟི་ཁྲོན་ཞིང་ཆེན་གྲན་ཏུ་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་ནས་ཟི་ཁྲོན་ཞིང་ཆེན་གྱི་དྲ་རྒྱའི་རྩོམ་པ་པོ་གྲན་ཏོག་ཅུན་གྱིས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་རྒྱུའི་ཀུན་སློང་བྱས་པའི་ཉེས་བཙུགས་ཐོག་ནས་བཙོན་འཇུག་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པ་དང་གྱོད་དོན་དེའི་ཐོག་ཁྲིམས་ཁང་ནས་འདི་ཚེས་ལྔ་ཉིན་དངོས་སུ་ཁྲིམས་ཞིབ་བྱས་ནས་ད་རེས་ཁྲིམས་ཐག་བཅད་པ་ཞིག་ཡིན་པ་དང་རྩོམ་པ་པོ་གྲན་ཏའོ་ཅུན་གྱིས་ད་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ས་ཡོངས་སུ་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་བྱས་པར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་རྗེས་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཐོག་འཛིན་པའི་ཐག་གཅོད་བྱེད་ཕྱོགས་ལ་རྩོམ་ཡིག་བྲིས་ནས་བསྐྱོན་བརྗོད་གནང་བའི་རྐྱེན་གྱིས་འཛིན་བཟུང་བྱས་ཏེ་ད་རེས་ཁྲིམས་ཐོག་ནས་དངོས་སུ་བཙོན་འཇུག་ལོ་གསུམ་གྱི་ཁྲིམས་ཐག་ལོ་ཚད་བཟོས་ཡོད་པ་རེད། ཁྲིམས་ཞིབ་བྱེད་པའི་སྐབས་ཟུར་ཉན་ཕེབས་པའི་རྩོམ་པ་པོ་གྲན་ཏའོ་ཅུན་གྱི་གྲོགས་པོ་སྐུ་ཞབ་ལིའི་ཡིས་གསུངས་ན་ཁྲིམས་ཞིབ་བྱེད་པའི་སྐབས་ཁྲིམས་དཔོན་རིགས་གྱོད་ཡར་མིང་ལ་ག་རེ་ཟེར་མིན་དང་རིག་གནས་གནས་ཚད་ག་རེད་ཡིན་མིན།ལས་རིགས་ག་རེ་ཡིན་མིན་གྱི་འདྲི་བ་དྲིས་པའི་རྗེས་ལམ་སེང་ཁྲིམས་ཐག་བསྒྲོགས་སྦྱང་བྱས་པ་ལས་གྱོད་ཡའི་ཁྲིམས་རྩོད་པར་ཁྲིམས་ཐོག་ནས་ལན་རྒྱབ་ཡས་སོགས་ཀྱི་གོ་སྐབས་གང་ཡང་མེད་པའི་སྐོར་གསུངས་བཞག རྩོམ་པ་པོ་གྲན་ཏའོ་ཅུན་གྱི་ཐོག་མའི་ཁྲིམས་རྩོད་པ་ཟི་ཁྲོན་ཞིང་ཆེན་ནས་ཡིན་པ་ཤང་ཡང་གིས་རྩོམ་པ་པོ་གྲན་གྱི་གྱོད་དོན་ཐོག་ཁྲིམས་རྩོད་བྱ་རྒྱུར་ཁས་ལེན་གནང་བའི་རྐྱེན་གྱིས་ཟི་ཁྲོན་ཞིང་ཆེན་ཁྲིམས་འཛིན་ལས་ཁང་གི་ཞིབ་བཤེར་བྱེད་བཞིན་ཡིན་པར་བརྟེན་ཁྲིམས་ཁང་དུ་ཕེབས་ཐུབ་མེད་པའི་སྐོར་ཚབ་ཏུ་ཕེབས་པའི་པེ་ཅིང་གི་ཁྲིམས་རྩོད་པ་ཀྲུའུ་ཇའུ་ཧུའུ་ཡིས་གསུངས་བཞག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org