རྒྱ་ནག་གི་གསར་ལམ་ཐོག་དཀྱིལ་ཤར་ངོ་རྒོལ་མང་པོ་མ་བསྟན་པ།
རྒྱ་ནག་ནང་དུ་མང་ཚོགས་ཀྱིས་གྱེན་ལངས་བྱ་དགོས་རྒྱུའི་འབོད་སྐུལ་གྱི་ལས་འགུལ་དེ་དག་རྒྱ་ནག་གསར་ལམ་ཁག་གིས་འཁྲབ་སྟོན་ལ་ངོས་འཛིན།
-
2011-02-21 -
-
-
༄༅༎ད་རེས་གཟའ་མཇུག་རྒྱ་ནག་ནང་གནས་འཕྲིན་དྲ་རྒྱ་དང་ལག་འཁྱེར་ཁ་པར་ཐོག་དཀྱིལ་ཤར་ཡུལ་གྲུའི་ནང་མང་ཚོགས་ཀྱི་གྱེན་ལངས་བྱུང་བ་ནང་ལྟར་རྒྱ་ནག་ནང་དུ་མང་ཚོགས་ཀྱི་གྱེན་ལངས་བྱ་དགོས་རྒྱུའི་འབོད་སྐུལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དེ་དག་ རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས་འཁྲབ་སྟོན་ཞིག་ལ་ངོས་འཛིན་དང་འབྲེལ། རྒྱ་ནག་མང་ཚོགས་ཀྱིས་ དངོས་ཟོག་གི་རིན་གོང་དང་ས་ཁང་ས་གཞིས་འཕྲོག་ལེན་བྱས་པའི་གནས་ཚུལ། དེ་བཞིན་ལྐོག་ཟ་རུལ་སུང་གི་བྱ་སྤྱོད་ཁག་ལ་བཟོད་སྲན་བྱ་དགོས་པའི་འབོད་སྐུལ་བྱས་འདུག།
རྒྱ་ནག་གི་ཨིན་སྐད་གསར་ཤོག་གོལོ་སྦལ་ཀྲའེམ་སེ་(Global Times)ནང་ ཏུ་ནི་སི་ཤ་དང་ཨི་ཇིཔཏ་གཉིས་ནང་གསར་བརྗེའི་ངོ་རྒོལ་བྱུང་བ་དེ་དག་དཀྱིལ་ཤར་ཡུལ་གྲུའི་ནང་ཁྱབ་ཡོད་པ་དང༌། ནུབ་ཕྱོགས་ཁུལ་གྱི་མི་འགའ་རེས་རྒྱ་ནག་དེ་བཞིན་ཨི་ཇིཔཏ་གཉིས་པ་དེ་ཆགས་རྒྱུའི་རེ་བ་བྱེད་བཞིན་ཡོད་ནའང༌། དེ་ལྟར་ཡོང་ཐབས་རྩ་བ་ནས་མེད་ཅེས་དཔྱད་གཏམ་སྤེལ་འདུག།
རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འཛིན་མི་སྣ་ཚོར་རྒྱ་ནག་ནང་ཁ་ཆེའི་ཡུལ་ཁག་དང་འདྲ་བའི་གནས་འཕྲིན་དྲ་རྒྱའི་བརྒྱུད་སྐུལ་སློང་བྱས་པའི་མང་ཚོགས་ཀྱི་གྱེན་ལངས་ཡོང་རྒྱུའི་བློ་འཚབ་ཆེན་པོ་ཡོང་གི་ཡོད་པ་རེད།
རྒྱ་ནག་ནང་གནས་འཕྲིན་དྲ་རྒྱ་དང་ལག་འཁྱེར་ཁ་པར་ཐོག་ཕྱིར་སྡོད་རྒྱ་མི་རིགས་དོན་གཉེར་ཅན་ཚོས་ རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་བཅུའི་ནང་གཞུང་ལ་ངོ་རྒོལ་བྱ་དགོས་རྒྱུའི་འབོད་སྐུལ་ཐོན་པའི་རྗེས་ ཁ་ས་པེ་ཅིང་དང་ཧྲང་ཧེ་། དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་གཞན་ཁག་གི་ནང་རྒྱ་མིའི་ཉེན་རྟོག་པ་འཕོན་ཆེ་བཀྲམ་ཡོད་པ་རེད། ས་གནས་འགའ་ཤས་ནང་ངོ་རྒོལ་བྱེད་མཁན་མི་འགའ་རེ་འཛོམས་པའི་གནས་ཚུལ་མ་གཏོགས་མི་མང་གཞི་རྒྱ་ཆེན་པོ་འཛོམས་མེད་སྐོར་རྒྱ་ནག་གཞུང་འབྲེལ་གསར་ཤོག་ཁག་གི་ནང་གནས་ཚུལ་བཀོད་ཡོད་ཅིང༌། གསར་ཤོག་Global Timesནང་། འཁྲབ་སྟོན་བྱེད་མཁན་གྱི་མི་རེ་བཟུང་དེ་ཚོ་ནི་ རྒྱལ་ཁབ་བྱིང་མདུན་བསྐྱོད་ཀྱི་ལམ་དུ་བསྐྱོད་བཞིན་པའི་སྐབས་སུ་བསྲང་ལམ་ཁག་དུ་སློང་མོ་རྒྱབ་མཁན་གྱི་སྤྲང་པོ་ཡོད་པ་བཞིན། མི་ངན་དེའི་རིགས་ག་དུས་ཡིན་ནའང་ཡོད་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་བཞག།