བོད་ནང་གཏེར་ཁ་བསྔོགས་འདོན་གྱི་ལས་འཆར་ཞིག་གི་སྐོར།
ཁེ་ན་ཌའི་ཁེ་ལས་ནས་བོད་ནང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་འགོ་འཛུགས་བྱེད་ཕྱིར་རྒྱ་ནག་གཞུང་གིས་ཆོག་མཆན་ངང་སྒུག་བྱེད་བཞིན་འདུག
-
2008-11-13 -
-
-
༄༅༎ཁོན་ཊི་ནེན་ཊེལ་མི་ནི་རེལ་སི་ཞེས་པའི་ཁེ་ན་ཌའི་གཏེར་ཁ་སྔོག་འདོན་བཟོ་ཚོང་ཁེ་ལས་ནས་བོད་ནང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་འགོ་འཛུགས་བྱེད་ཕྱིར་རྒྱ་ནག་གཞུང་གིས་ཆོག་མཆན་ངང་སྒུག་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
གོང་གསལ་ཁེ་ན་ཌའི་གཏེར་ཁ་སྔོག་འདོན་བཟོ་ཚོང་ཁེ་ལས་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁྲིས་སུ་ཡོད་པའི་ཞེ་ཐུང་མོན་ས་གནས་ནང་གསེར་དང་ཟངས་ཀྱི་གཏེར་ཁ་བསྔོག་འདོན་ཆེད་མ་གནས་ཨ་སྒོར་ས་ཡ་ལྔ་བརྒྱ་ཉི་ཤུ་ཙམ་གྱི་མ་རྩ་འཆར་འགོད་ཟིན་པ་དང་དངོས་སུ་གཏེར་ཁ་སྔོག་འདོན་གྱི་ལས་དོན་འགོ་བཙུགས་སླད་རྒྱ་ནག་དབུས་གཞུང་ལ་ལས་འཆར་གྱི་སྙན་ཞུ་ཕུལ་སྟེ་ད་ཆ་ཆོག་མཆན་གྱི་བཀའ་ཁྲོལ་ངང་སྒུག་བྱེད་བཞིན་ཡོད་སྐོར་བཟོ་ཚོང་ཁེ་ལས་ཀྱི་འགན་འཛིན་གཞོན་པ་ཌིག་སེན་ཧོལ་ཞུ་བས་འགྲེལ་བརྗོད་བྱས་འདུག ཌིག་སེན་ཧོལ་ཟེར་བ་དེས་ཁོན་ཊི་ནེན་ཊེལ་གཏེར་ལས་བཟོ་ཚོང་ཁེ་ལས་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁྲིས་སུ་གསེར་ཟངས་ཀྱི་གཏེར་ཁ་སྔོག་ཆེད་ཁེ་ན་ཌའི་སིཊེན་ཌ་ཌེ་སྦེང་ཞེས་པའི་དངུལ་ཁང་དང་ཡང་རྒྱ་ནག་གི་དངུལ་ཁང་གཉིས་ནས་འགྲོ་གྲོན་གྱི་མ་རྩ་འགན་སྲུང་དང་དེ་བཞིན་ལས་འཆར་གྱི་དགོས་མཁོའི་ཆ་རྐྱེན་ཁག་འཆར་འགོད་འཐུས་ཚང་ཡོད་པར་གཏེར་ཁ་སྔོག་འདོན་གྱི་ལས་འཆར་འགོ་འཛུགས་བྱ་རྒྱུར་འགོག་རྐྱེན་གང་ཡང་འཕྲད་རྒྱུ་མིན་སྐོར་འགྲེལ་བརྗོད་བྱས་འདུག ཁོན་ཊི་ནེན་ཊེལ་མི་ནི་རེལ་སེ་ཞེས་པའི་ཁེ་ན་ཌའི་བཟོ་ཚོང་ལས་ཁང་གིས་ལྷ་སའི་ཉེ་འཁྲིས་སུ་ཡོད་པའི་ཞེ་ཐུང་མོན་ས་ཁུལ་ནང་གཏེར་ཁ་སྔོག་འདོན་གྱི་ལས་འཆར་བཀོད་སྡོམ་བྱས་པ་དེ་དེ་སྔ་ཉིས་སྟོང་དྲུག་ལོར་རྒྱ་ནག་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་རི་ལིའི་བརྒྱུད་ལམ་འགོ་བཙུགས་བྱས་པ་ནས་བཟུང་བོད་ནང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཆ་ཤས་ཡིན་པ་རེད། ཞུས་ལྦེ་ཆིན་ཟེར་བའི་བོད་ནང་གཏེར་ཁའི་གན་རྒྱ་ཚོང་ལས་སྤེལ་མཁན་རྒྱ་རིགས་ཤིག་གིས་བོད་ནང་རི་ལི་འགོ་བཙུགས་བྱས་སྟེ་བཅའ་དངོས་དབོར་འདྲེན་སྟབས་བདེ་ཆགས་པའི་དབང་གིས་ད་ཆ་ཕྱི་ཕྱོགས་ཀྱི་གཏེར་ལས་བཟོ་ཚོང་ཁེ་ལས་ཚོས་བོད་ནང་གཏེར་ཁ་སྔོག་འདོན་བྱ་རྒྱུའི་འདོད་པ་དང་དོ་སྣང་ཆེན་པོ་བྱ་ཡུལ་ཆགས་ཡོད་སྐོར་གསལ་འདོན་བྱས་བཞག