དཀར་མཛེས་སུ་བོད་མིས་ངོ་རྒོལ་ལས་འགུལ་མུ་མཐུད་བྱེད་བཞིན།

བོད་ཀྱི་ཁམས་དཀར་མཛེས་གྲོང་ཁྱེར་ནང་བོད་མི་རྣམས་ཀྱིས་མུ་མཐུད་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་བོད་མི་བཅུ་ཙམ་འཛིན་བཟུང་བྱས་པ།

༄༅༎བོད་ཀྱི་ཁམས་དཀར་མཛེས་གྲོང་ཁྱེར་ནང་བོད་མི་རྣམས་ཀྱི་མུ་མཐུད་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་རྒྱ་ནག་གིས་ཉིན་གཉིས་ཀྱི་ནང་བོད་མི་བཅུ་ཙམ་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་འདུག

དེ་ཡང་ང་ཚོའི་ཨོ་སི་ཌེ་ལི་ཡའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ཀྱིས་གནས་ཚུལ་བཏང་དོན་ལ་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་དང་བཅོ་ལྔ་གཉིས་ཀྱི་རིང་དཀར་མཛེས་གྲོང་ཁྱེར་ནང་བོད་མི་ན་གཞོན་རྣམས་ཀྱིས་མུ་མཐུད་ནས་རྒྱ་ནག་གི་དབང་འཛིན་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་ཡོད་ཅིང་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞིའི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་ཙམ་ལ་བོད་མི་ན་གཞོན་འགྱུར་མེད།ཕ་བློ་ལྡན་གྱི་བུ་དོན་གྲུབ་དང་མ་ཡ་དགའི་བུ་བློ་བཟང་དངོས་གྲུབ་བཅས་ཕོ་གསར་གསུམ་གྱིས་དཀར་མཛེས་གྲོང་ཁྱེར་གྱི་དབུས་སུ་ཡོད་པའི་རྒྱ་ནག་གི་ཉེན་རྟོག་ལས་ཁང་མདུན་དུ་བོད་རང་བཙན་གྱི་ཞི་བའི་སྐད་འབོད་རྒྱབ་ནས་ངོ་རྒོལ་ལས་འགུལ་སྤེལ་འདུག ཁོང་གསུམ་ས་གསན་སུ་ཡོད་པའི་ཉེན་རྟོག་དམག་མིས་འཛིན་བཟུང་བཙན་ཁྲིད་བྱས་འདུག ཉིན་དེ་གའི་ཆུ་ཚོད་ལྔ་པ་ཙམ་ལ་ཡང་བློ་བཟང་རྡོ་རྗེ་དང་དཀར་མ་ནོར་བུ།ཨ་ཚོང་དང་རིན་ཆེན་དབང་གྲགས་བཅས་བོད་མི་ན་གཞོན་བཞིས་སྐད་འབོད་ངོ་རྒོལ་གནང་བའི་རྗེས་དུས་ཚོད་ཐུང་ཐུང་ཞིག་གི་ནང་ས་ཁུལ་དུ་ཡོད་པའི་ཉེན་རྟོག་དམག་མིས་འཛིན་བཟུང་བྱས་ནས་ས་ཁུལ་ནས་བཙན་ཁྲིད་བྱས་འདུག དེ་ནས་ཕྱི་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་སླར་ཡང་བོད་རིགས་ཕོ་གསར་ན་གཞོན་ཕ་ཀུན་བཟང་གི་བུ་སྐལ་བཟང་དོན་གྲུབ་དང་གྲྭ་ནམ་མཁའ་རྒྱལ་མཚན།དཔལ་ལྡན་ཉི་མ་བཅས་ཀྱིས་དཀར་མཛེས་གྲོང་ཁྱེར་ནང་བོད་རང་བཙན་གྱི་འབོད་ཚིག་བསྒྲགས་ནས་སྐད་འབོད་གནང་འདུག བོད་ཀྱི་ཁམས་དཀར་མཛེས་གྲོང་ཁྱེར་དང་ལི་ཐང་།ཉག་རོང་།ཨ་མདོ་མང་ར་ས་ཁུལ་སོགས་ཀྱི་ནང་ བོད་མི་རྣམས་ཀྱིས་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེ་ཆུང་འདྲ་མིན་མུ་མཐུད་ནས་སྤེལ་ཡོད་པ་དང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བོད་རིགས་དགེ་འདུན་པ་དང་མི་སྐྱ་དང་བུད་མེད་མང་ཆེ་བ་ལོ་ན་ཆུང་ཆུང་ཤ་སྟག་ཡིན་པ་དང་ཁོང་རྣམས་ཀྱིས་སྤྱི་མཚུངས་ཀྱི་ཐོག་ནས་བོད་ལ་རང་བཙན་དགོས་པ་དང་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ནང་ཆིབས་བསྒྱུར་གནང་དགོས་པ་དང་བོད་མི་རྣམས་རྡོ་རྩ་གཅིག་བསྒྲིལ་གནང་དགོས་པའི་འབོད་སྒྲ་དང་བརྗོད་ཚིག་བཀོད་ནས་ཞི་བའི་ངོ་རྒོལ་མུ་མཐུད་ནས་གནང་གི་ཡོད་པའི་གནས་ཚུལ་འདི་ག་རླུང་འཕྲིན་ཁང་ལ་མུ་མཐུད་ནས་གནས་ཚུལ་འབྱོར་བཞིན་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org