བོད་ཀྱི་གནད་དོན་འཁོད་པའི་ཁེ་ན་ཌའི་ཡིག་ཆ་ཕྱིར་བསྒྲགས།
ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གསང་བའི་ཡིག་ཆའི་ཁུངས་སུ་ད་ཆ་མ་བཞག་པའི་ཁེ་ན་ཌ་དབུས་གཞུང་གི་ཡིག་ཆ་ཕྱིར་བསྒྲགས་གནང་བ།
-
2009-01-28 -
-
-
༄༅༎ཁ་ས་ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གསང་བའི་ཡིག་ཆའི་ཁུངས་སུ་ད་ཆ་མ་བཞག་པའི་ཁེ་ན་ཌ་དབུས་གཞུང་གི་ཡིག་ཆ་ཤོག་གྲངས་༦༨བྱས་པ་ཞིག་ཕྱིར་བསྒྲགས་གནང་འདུག
ཡིག་ཆ་དེའི་ནང་༡༩༥༠ལོར་ཁེ་ན་ཌའི་ཕྱི་འབྲེལ་ལྷན་ཁང་གི་ཁྲིམས་དོན་དགོངས་ཚུལ་ཞིག་ཡོད་པའི་ནང་རྒྱལ་སྤྱིའི་ཁྲིམས་ལུགས་གཞི་བཟུང་རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་པའི་སྐབས་བོད་དེ་བཞིན་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་ངོས་འཛིན་ཐོབ་ཡོད་པ་རེད།
ཁེ་ན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཛིན་སྐྱོང་ངེས་སྟོན་པ་ཌར་མོན་ཀྲེརེ་ལྦིསི་ཡིས་རྒྱ་ནག་གཞུང་གིས་ཐབས་ཤེས་ཡོད་དགུ་རྩལ་དྲུག་གི་ཐོག་ནས་བོད་ཀྱི་རྒྱལ་རབས་བསྐྱར་དུ་བྲིས་རྩིས་ག་ཚོས་བྱས་པ་ཡིན་ནའང་༡༩༥༩ལོར་བོད་མི་ཚོས་རང་དབང་སྒེར་ལངས་བྱས་ནས་ལོ་ལྔ་བཅུ་ཕྱིན་པའི་རྗེས་སུ་བོད་པའི་རྒྱལ་རབས་ནག་སུབ་ཏུ་གཏོང་ཐུབ་ཀྱི་མ་རེད་ཅེས་གསུངས་བཞག ཡང་ཁོང་གིས་རྒྱ་ནག་གཞུང་གིས་བོད་ཐོག་དྲག་པོའི་བཙན་འཛུལ་བྱས་པ་དེ་དག་བྲན་གཡོག་ལམ་ལུགས་མེད་པ་བཟོས་པའི་ཉི་མོར་དྲན་གསོ་བྱེད་ཀྱི་ཡོད་པ་ནི་རྒྱུ་མཚན་མི་ལྡན་པའི་རྒྱ་ནག་གཞུང་གི་བྱ་སྤྱོད་ཅིག་རེད་ཅེས་རྒྱ་ནག་གི་བྱེད་སྟངས་ལ་སྐྱོན་བརྗོད་གནང་བཞག
༡༩༥༠ལོར་རྒྱ་གར་ནང་གི་ཁེ་ན་ཌའི་གཞུང་ཚབ་ཆེན་མོ་ལྦར་ལྦིཀ་ཆིཔ་མཱེན་ཡིས་ཨོ་ཊ་ལྦ་ནང་གི་ཁེ་ན་ཌའི་གཞུང་ལ་སྙན་ཞུ་ཞིག་ཕུལ་ཡོད་པའི་ནང་གལ་ཏེ་བོད་དེ་རྒྱ་ནག་ལ་བདག་གི་ཡོད་ན་བོད་དབང་བསྒྱུར་བྱེད་པ་བོད་ནང་རྒྱ་མིའི་དམག་མི་བཏང་དགོས་དོན་མེད་པ་དང་དམག་མི་བཏང་བ་དེ་ནི་གནད་དོན་དེ་རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་མིན་པ་གསལ་བཏོན་བྱེད་ཀྱི་ཡོད་པའི་སྐོར་ཞུས་གནང་ཡོད་པ་རེད། སྙན་ཞུ་དེ་ཕུལ་བའི་ཉིན་ལྔའི་རྗེས་སུ་ཁེ་ན་ཌའི་ཕྱི་འབྲེལ་ལྷན་ཁང་གི་ས་རྒྱལ་སྤྱིའི་ནང་བོད་ཀྱི་གནས་བབ་སྐོར་ཁྲིམས་དོན་གྱི་བསམ་ཚུལ་ཞིག་འགྲེམས་སྤེལ་གནང་ཡོད་པ་དང་ཡིག་ཆ་དེའི་ནང་རྒྱ་ནག་གིས་བོད་ཐོག་བདག་དབང་ཡོད་ཁུལ་བྱེད་ཀྱི་ཡོད་པ་དེ་ནི་རྒྱུ་མཚན་ལྡན་པ་ཞིག་མིན་པ་དང་འདས་པའི་ལོ་བཞི་ཅུའི་རིང་བོད་རང་ཉིད་ལ་ཡུལ་གྱི་ནང་སྲིད་དང་ཕྱི་སྲིད་དང་འབྲེལ་བའི་ལས་དོན་ཚང་མའི་ཐོག་བཏང་འཛིན་བྱེད་པའི་དབང་ཚད་ཡོད་དུས་བོད་དེ་རྒྱལ་སྤྱིའི་ཁྲིམས་ལུགས་གཞི་བཟུང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་གི་ངོས་འཛིན་ཐོབ་རྒྱུའི་ཆ་རྐྱེན་ཚང་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད༎