༸གོང་ས་མཆོག་གི་ཆིབས་བསྒྱུར་ཕྱིར་འཐེན་དགོས་པའི་སྐུལ་མ།

ལྷོ་ཨ་ཕེ་རི་ཀའི་གཞུང་ཚབ་པས་༸གོང་ས་མཆོག་ལྷོ་ཨ་ཕེ་རི་ཀའི་ནང་ཞི་བདེའི་ལྷན་ཚོཌ་སུ་ཆིབས་བསྒྱུར་བསྐྱང་རྒྱུར་མཐོང་མཆན་ཕུལ་མེད་སྐོར།

༄༅༎རྒྱ་ནག་གཞུང་གིས་ལྷོ་ཨ་ཕེ་རི་ཀའི་གཞུང་ལ་གནོན་ཤུགས་སྤྲད་པར་བརྟེན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ལྷོ་ཨ་ཕེ་རི་ཀའི་གཞུང་ཚབ་པས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཕེ་རི་ཀའི་གྲོང་ཁྱེར་ཇོ་ཧ་ན་སེ་སྦག་ནང་ཞི་བདེའི་ལྷན་ཚོགས་སུ་ཆིབས་བསྒྱུར་བསྐྱང་རྒྱུར་མཐོང་མཆན་ཕུལ་མེད་པའི་སྐོར་དེ་རིང་གྲོང་ཁྱེར་ཇོ་ཧ་ན་སི་སྦག་ནས་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།

གཟའ་འཁོར་འདིའི་རེས་གཟའ་པ་སངས་ཉིན་ལྷོ་ཨ་ཕེ་རི་ཀའི་ནང་ཚོགས་རྒྱུའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨ་ཕེ་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ནེལ་སེན་མེན་ཌེ་ལ་སོགས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཁག་གི་ལྷན་ཚོགས་ཐོག་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་ཞུགས་གནང་རྒྱུའ་འཆར་གཞི་ཡོད་ཀྱང་དེ་རིང་ལྷོ་ཨ་ཕེ་རི་ཀའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གསལ་བསྒྲགས་ཤིག་སྤེལ་བའི་ནང་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ལྷོ་ཨ་ཕེ་རི་ཀའི་གཞུང་ཚབ་ཆེན་མོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་འཁྱེར་ཐོག་མཐོང་མ་ཆན་ཕུལ་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆིབས་བསྒྱུར་གྱི་མཛད་འཆར་དེ་ཕྱིར་འཐེན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པའི་གནས་ཚུལ་སྤེལ་ཏེ་བོད་དོན་རྒྱབ་སྐྱོར་ཚོགས་པ་དེའི་ངོས་ནས་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞི་བདེའི་ལྷན་ཚོགས་སུ་ཆིབས་བསྒྱུར་གནང་མི་ཐུབ་པ་དེ་ཡིས་ལྷན་ཚོགས་དེའི་ཐོག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འཕྱ་དམོད་དང་དོ་སྣང་བྱ་དགོས་པ་ཞིག་ཆགས་རྒྱུ་ཡིན་པ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་ཡོད་པ་རེད།

ཕྱི་ལོ་༡༩༨༤ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨ་ཕེ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེ་སི་མེན་ཀྲུ་ཀྲུ་མཆོག་དང་དེ་བཞིན་ཕྱི་ལོ་༡༩༩༣ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྷོ་ཨ་ཕེ་རི་ཀའི་སྲིད་འཛིན་ཟུར་པ་བཅས་ཀྱིས་གལ་ཏེ་༸གོང་ས་ཏཱ་ལའི་བླ་མ་མཆོག་ཞི་བདེའི་ལྷན་ཚོགས་དེའི་ནང་ཚོགས་ཞུགས་གནང་མ་བཅུག་པ་ཡིན་ཚེ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཁོང་རྣམས་ལྷན་ཚོགས་དེར་ཚོགས་ཞུགས་གནང་མིན་བསྐྱར་དུ་བསམ་བློ་གཏང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org