བོད་རྒྱའི་ཞི་མོལ་ཐད་རྒྱ་ནག་ཕྱོཌ་ནས་ཐབས་ལམ་བཏོན་དགོས།

༸གོང་ས་མཆོག་གི་སྐུ་ཚབ་ནས་བོད་རྒྱའི་དབར་གྱི་ཞི་མོལ་བསྐྱར་གསོ་གནང་ཕྱིར་རྒྱ་གཞུང་ཕྱོགས་ནས་ཐབས་ལམ་ཞིག་བཏོན་དགོས་གསུངས་པ།

༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡོ་རོབ་ཀྱི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཁ་ས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཕེབས་པའི་སྐབས་སུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ལ་བོད་ཀྱི་གནད་དོན་ཐག་གཅོད་གནང་ཐབས་སླད་བོད་རྒྱའི་དབར་གྱི་ཞི་མོལ་ད་བར་ཐག་གཅོད་དཀའ་བའི་གྱོང་རེངས་ཀྱི་ཚུལ་དུ་ལས་བསྡད་པ་དེ་བཞིན་བསྐྱར་གསོ་གནང་ཕྱིར་རྒྱ་ནག་གཞུང་གི་ཕྱོགས་ནས་ཐབས་ལམ་ཞིག་བཏོན་དགོས་ཀྱི་རེད། གལ་ཏེ་རྒྱ་ནག་གཞུང་གི་ངོས་ནས་ཐབས་ལམ་ཞིག་མ་བཏོན་པ་ཡིན་ན་གྲོས་མོལ་གྱི་ལམ་ནས་བོད་ཀྱི་དཀའ་རྙོགས་སེལ་ཐབས་ཆེད་དུ་རྒྱ་ནག་གི་ཕྱོགས་ནས་རྒྱ་བོད་གཉིས་མོས་ཀྱི་ཐབས་ལམ་འཚོལ་རྒྱུའི་འདོད་པ་མེད་པའི་དབང་དུ་བརྩིས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པ་ཚོའི་ཕྱོགས་ནས་ཆ་འཛིན་དེ་ལྟར་གནང་གི་ཡིན་ཡིན་ནའང་ད་ལྟའི་འཆར་ང་ཚོའི་ཐག་གཅོད་དེ་བར་སླེབས་མེད་གང་ལགས་ཟེར་བ་ན་ནིང་ལོའི་ཕྱི་ཟླ་བཅུ་གཅིག་ནང་གི་བོད་རྒྱའི་དབར་གྱི་ཞི་མོལ་ཐེངས་བརྒྱད་པ་ལམ་ལྷོངས་མ་བྱུང་བ་ནས་ད་ལྟ་བར་དུས་ཚོད་རིང་པོ་ཕྱིན་ཡོག་མ་རེད་ཅེས་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུང་ཡོད་པ་རེད། ཟླ་བ་སྔོན་མའི་ནང་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོས་གོང་ས་མཆོག་གིས་ཁ་བྲལ་གྱི་སྲིད་བྱུས་སྤང་ཕྱིན་ཆད་ལ་བོད་ཀྱི་གནད་དོན་སྐོར་རྒྱ་བོད་དབར་བཀའ་མོལ་མཇུག་སྐྱོང་གནང་རྒྱུར་རྒྱ་ནག་གི་ཕྱོགས་ནས་སྒོ་ཕྱེ་ཡོད་ཅེས་གསུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org