༧གོང་ས་མཆོག་གིས་ཧོང་ཀོང་གི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་སེལ་གལ་ཆེ་བ་བཀའ་སྩལ།
༧གོང་ས་མཆོག་གིས་ཧོང་ཀོང་ནང་ཞི་རྒོལ་གྱི་གནས་སྟངས་ལ་ཐུགས་ཚབས་གསལ་འདོན་གནང་པ་དང་སྦྲགས་ཞི་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་བྱ་རྒྱུ་དེ་ཐབས་ལམ་ཡག་ཤོས་ཡིན་པ་བཀའ་སྩལ་གནང་འདུག
-
2019-09-09 -
-
-
Your browser doesn’t support HTML5 audio
༧གོང་ས་མཆོག་གིས་ཧོང་ཀོང་ནང་ཞི་རྒོལ་གྱི་གནས་སྟངས་ལ་ཐུགས་ཚབས་གསལ་འདོན་གནང་པ་དང་སྦྲགས་ཞི་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་བྱ་རྒྱུ་དེ་ཐབས་ལམ་ཡག་ཤོས་ཡིན་པ་བཀའ་སྩལ་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཧོང་ཀོང་ནང་ཞི་རྒོལ་གྱི་གནས་སྟངས་ལ་ཐུགས་ཚབས་གསལ་འདོན་གནང་པ་དང་སྦྲགས་ཞི་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་བྱ་རྒྱུ་དེ་ཐབས་ལམ་ཡག་ཤོས་ཡིན་པ་བཀའ་སྩལ་གནང་འདུག
ཉེ་སྔོན་ཕྱི་ཟླ་༨་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་མ་ནཱ་ལི་ (Manali)་ཁུལ་དུ་བཞུགས་སྐབས། ཐེ་ཝན་གྱི་(Hakka TV)་ཞེས་པའི་བརྙན་འཕྲིན་ཁང་གིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཅར་འདྲི་ཞུས་ཞིང་ བཅར་འདྲིའི་ལས་རིམ་དེ་བརྙན་འཕྲིན་ལས་ཁང་ནས་ཕྱི་ཟླ་༩་པའི་ཚེས་༨་ཉིན་རྒྱང་སྲིང་བྱས་ཡོད་པ་རེད། ཐེ་པེ་དུས་བབ་ཀྱིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། བཅའ་འདྲིའི་ལས་རིམ་དེའི་ནང་(Hakka)་བརྙན་འཕྲིན་ལས་ཁང་ནས། ༧གོང་ས་མཆོག་ལ་ཧོང་ཀོང་ནང་མི་དམངས་ཁྲི་ཚོ་མང་པོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་། ངོ་རྒོལ་བ་དང་ཉེན་རྟོག་པའི་དབར་འཁྲུག་འཛིང་རྐྱེན་པས་གནས་སྟངས་ཚབས་ཆེ་རུ་འགྲོ་བཞིན་ཡོད་པའི་གནད་དོན་ཐོག་དགོངས་ཚུལ་བཅར་འདྲི་ཞུས་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཧོང་ཀོང་ནང་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་ལ་ཐུགས་འཚབ་ཡོད་པ་གསུངས་ཞིང་། ཞི་བདེ་གནས་པ་བྱ་རྒྱུ་ནི་ཧ་ཅང་གི་གལ་གནད་ཆེ་བ་དང་། དཀའ་རྙོག་གང་འདྲ་ཞིག་ཡོད་རུང་ཞི་མོལ་གྱི་ལམ་ནས་སེལ་ཐབས་བྱ་རྒྱུ་དེ་ཐབས་ལམ་བཟང་ཤོས་ཡིན་པ་བཀའ་ལན་གནང་པ་དང་། ༧གོང་ས་མཆོག་སྐུ་ཉིད་ནས་ཧོང་ཀོང་གི་གནས་སྟངས་ལ་ཐུགས་སྨོན་གནང་རྒྱུ་ལས་གཞན་བྱེད་ཐབས་དེ་ཙམ་མེད་པ་བཀའ་སྩལ་འདུག
གཞན་ཡང་། ཐེ་ཝན་གྱི་(Hakka)་བརྙན་འཕྲིན་གྱི་བཅར་འདྲིའི་སྐབས། ༧གོང་ས་མཆོག་ནས་ཐེ་ཝན་གྱི་དམངས་གཙོའི་ལམ་ལུགས་དང་རང་དབང་། དེ་བཞིན་ཆོས་ལུགས་དད་མོས་རང་དབང་རྒྱུན་འཛིན་གནང་བཞིན་པ་དེར་བསྔགས་བརྗོད་མཛད་པ་དང་། དེ་ནི་སྲིད་དབང་གཅིག་བསྡུས་རིང་ལུགས་ལ་ཕམ་ཉེས་གཏོང་རྒྱུའི་ཐབས་ལམ་ཡག་ཤོས་ཡིན་པ་བཀའ་གནང་འདུག
མཐའ་དོན་ཐེ་ཝན་གྱི་བརྙན་འཕྲིན་ལས་ཁང་ནས། ༧གོང་ས་མཆོག་མ་འོངས་པར་ཐེ་ཝན་ནང་ཆིབས་བསྒྱུར་བསྐྱང་འཆར་ཡོད་མེད་བཀའ་འདྲི་ཞུས་པར། སྤྱི་ནོར་༧གོང་ས་སྐྱབས་མཆོག་ཆེན་པོ་མཆོག་གིས་ད་བར་ཐེ་ཝན་ནང་ཆིབས་སྒྱུར་ཐེངས་གསུམ་མཛད་རྒྱུའི་གོ་སྐབས་བྱུང་གནང་ཡོད་པ་དང་། གལ་ཏེ་མ་འོངས་པར་གོ་སྐབས་བྱུང་ཚེ་ཐུགས་དགྱེས་ཚོར་ངང་ནས་ཆིབས་བསྒྱུར་གནང་འདོད་ཡོད་པ་བཀའ་ལན་མཛད་འདུག