རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཞན་པོར་སྐྱོན་བརྗོད།
ཨ་རིའི་གཞུང་ཚབ་ཆེན་མོ་བས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་མེད་པར་སྐྱོན་བརྗོད་གནང་ཡོད་པའི་གནས་ཚུལ་འདུག
-
2011-04-07 -
-
-
༄༅༎ཨ་རིའི་གཞུང་ཚབ་ཆེན་མོ་བས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་མེད་པར་སྐྱོན་བརྗོད་གནང་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་བ་སྐུ་ཞབས་འཇོན་ཨེམ་ཧན་སེ་མན་མཆོག་ཉེ་ཆར་གཞུང་ཚབ་པའི་ཐུགས་འགན་ནས་དགོངས་ཞུ་གནང་ནས་ཚུར་ཕྱིར་མ་ཕེབས་པའི་སྔོན་ཙམ་ལ་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་གྱི་གནད་དོན་ཐོག་ལོ་རེའི་ཚོགས་འདུ་ཞིག་ཐོག་མངོན་གསལ་དོད་པོའི་ཐོག་ནས་རྒྱ་ནག་གཞུང་གི་མང་གཙོ་དོན་གཉེར་བ་ཚོའི་ཐོག་སྲིད་བྱུས་འཛིན་སྟངས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་ཆབས་ཅིག་དཔེ་མཚོན་དུ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡུལ་ད་ལྟ་རྒྱ་མིའི་བཙོན་ཁང་ནང་ཡོད་པའི་ལི་ཤའོ་བོ་དང་། ཉེ་ཆར་རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་པའི་སྙན་གྲགས་ཅན་གྱི་སྒྱུ་རྩལ་བ་ཨེ་ཝེ་ཝེ་བཅས་མིང་བཏོན་གནང་ཡོད་པ་རེད། ཁོང་གིས། ང་ཚོས་འགྲོ་བ་མིའི་རིན་ཐང་དང་ངོ་བོ་སྲུང་སྐྱོབ་བྱེད་རྒྱུར་གལ་གནད་ཆེན་པོ་བརྩིས་མཁན་ཞིག་ཡིན་དུས་ཨ་མི་རི་ཀའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་རྒྱབ་སྐྱོར་བྱེད་རྒྱུ་ནམ་ཡང་བཞག་ཐབས་མེད་ཅེས་དང་། དཀའ་རྙོག་ག་འདྲ་ཞིག་ཡིན་ནའི་དེ་སེལ་ཐབས་སུ་གྲོས་མོལ་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ལས་དེ་དག་གཡོལ་ཐབས་དང་། དེ་དག་སྦས་གསང་བྱེད་ཐབས་སུ་དམིགས་ནས་གསར་འགྱུར་བརྒྱུད་ལམ་ཁག་ལ་དམ་བསྒྲགས་བྱེད་པའི་རིགས་ནི་ཕན་ཐོགས་གང་ཡང་མེད་པ་ཞིག་རེད་ཅེས་གསུངས་ནས་གང་ལྟར་རྒྱ་ནག་གཞུང་ནས་མང་གཙོའི་ལམ་ལུགས་སུ་གོམ་པ་མདུན་བསྐྱོད་བྱེད་རྒྱུའི་དགོས་འདུན་བཏོན་མཁན་ཚོའི་ཐོག་དམ་བསྒྲགས་བྱས་དང་བྱེད་བཞིན་པ་དེར་ཤུགས་ཆེན་པོའི་ཐོག་ནས་སྐྱོན་བརྗོད་གནང་ཡོད་འདུག སྤྱིར་བཏང་ཨ་རིའི་གཞུང་འབྲེལ་གྱི་ལས་བྱེད་ཚོའི་ཐོག་ནས་ཡུལ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་མི་འགྲོ་བའི་ཆེད་མངོན་གསལ་དོད་པོའི་ཐོག་ནས་སྐྱོན་བརྗོད་རིགས་གནང་སྲོལ་མེད་པ་རེད། གཞུང་ཚབ་ཆེན་མོ་བ་སྐུ་ཞབས་ཧན་སེ་མན་མཆོག་ནི་དེ་སྔ་ཕྱི་ལོ་༢༠༠༩ལོར་རྒྱ་ནག་ཏུ་བཅའ་བཞུགས་ཨ་རིའི་གཞུང་ཚབ་ཆེན་མོ་བསྐོ་གཞག་བྱས་པ་ཞིག་ཡིན་པ་རེད། ཁོང་རྒྱ་སྐད་དང་རྒྱ་ཡིག་ཧ་ཅང་ཡག་པོ་མཁྱེན་མཁན་ཞིག་དང་རྒྱ་ནག་དང་ཚོང་འབྲེལ་ཡག་པོ་ཡོད་མཁན་ཞིག་ཀྱང་ཡིན་པ་རེད།