དོན་གྲུབ་དབང་ཆེན་བཙོན་བཀྲོལ་བྱུང་ཡང་རང་དབང་མི་འདུག
འཇིགས་བྲལ་གློག་བརྙན་བཟོ་བསྐྲུན་པ་དོན་གྲུབ་དབང་ཆེན་ལགས་རང་དབང་གང་ཡང་མེད་པར་དམ་བསྒྲགས་འོག་མུ་མཐུད་གནས་ཡོད།
-
2015-06-05 -
-
-
འཇིགས་བྲལ་གློག་བརྙན་བཟོ་བསྐྲུན་པ་དོན་གྲུབ་དབང་ཆེན་ལགས་རང་དབང་གང་ཡང་མེད་པར་དམ་བསྒྲགས་འོག་མུ་མཐུད་གནས་ཡོད།
དེ་ཡང་༢༠༠༨ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་སྤྱིའི་ཨོ་ལོམ་པིག་རྩེད་འགྲན་ཚུགས་ལ་ཉེ་བའི་གོང་། དོན་གྲུབ་དབང་ཆེན་ལགས་ཀྱིས་རྒྱལ་སྤྱིའི་ཨོ་ལོམ་པིག་རྩེད་འགྲན་དང་འབྲེལ་ཆགས་གནད་དོན་ཁག་ཅིག་ཐོག་བོད་ནང་གི་བོད་མི་ཚོའི་སེམས་ཚོར་ངོ་མ་ཇི་ཡོད་གསལ་རྟོགས་སླད། བོད་ཀྱི་ས་ཁུལ་གང་སར་བོད་མི་རྒྱ་སྐོར་ལྷག་ལ་བརྙན་པར་བརྒྱུད་བཅར་འདྲི་བྱས་ཏེ་འཇིགས་བྲལ་ཞེས་གློག་བརྙན་བཟོ་བསྐྲུན་བྱས་པའི་རྐྱེན་རྒྱ་ནག་གཞུང་གིས་ཁོང་དང་ཁོང་གི་ཕྱག་རོགས་མགོ་ལོག་འཇིགས་མེད་ལགས་གཉིས་མཚོ་སྔོན་ཟི་ལིང་ནས་དོ་དམ་འཛིན་བཟུང་བྱས་ཡོད་པ་དང་། མཐར་༢༠༡༠ལོར་ཟི་ལིང་འབྲིང་རིམ་ཁྲིམས་ཁང་ནས་ཁ་བྲལ་ངན་སྐུལ་བྱས་པ་སོགས་ཀྱི་ནག་ཉེས་འོག་དོན་གྲུབ་དབང་ཆེན་ལགས་ལ་ལོ་དྲུག་བཙོན་དུས་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད། དེ་རིང་ཡུ་རོབ་བོད་མི་མང་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གསལ་ལྟར་ན། དོན་གྲུབ་དབང་ཆེན་ལགས་བཙོན་དུས་གཙང་པའི་རྗེས་སྔ་ལོ་རྒྱ་ནག་གཞུང་གིས་ཁོང་གློད་བཀྲོལ་བཏང་སྟེ་དེ་རིང་ཚེས་༥ཉིན་ལོ་གཅིག་ཧྲིལ་བོ་འཁོར་གྱི་ཡོད་ཀྱང་རྒྱ་ནག་གཞུང་གིས་དོན་གྲུབ་དབང་ཆེན་ལགས་གསང་པའི་ལྟ་སྲུང་འོག་བཅུག་ཡོད་པ་མ་ཟད། ཁོང་ལ་འགྲུལ་བསྐྱོད་དང་འབྲེལ་གཏུགས་བྱ་ཕྱོགས་ཐད་དམ་བསྒྲགས་ཆེན་པོ་བྱས་ཏེ་རང་དབང་གང་ཡང་མེད་པའི་གནས་སྟངས་སུ་མུ་མཐུད་ལུས་ཡོད་པ་གསལ་འདོན་གནང་འདུག
གནས་ཚུལ་ནང་བཀོད་པར་གཞིགས་ན། ཨ་རིའི་ནང་སྐྱབས་བྱོལ་དུ་གནས་པའི་དོན་གྲུབ་དབང་ཆེན་ལགས་ཀྱི་བཟའ་ཟླ་ལྷ་མོ་མཚོ་ལགས་ཀྱིས་སྔ་ལོ་དོན་གྲུབ་དབང་ཆེན་ལགས་གློད་གྲོལ་བྱུང་བའི་རྗེས། ཁོང་ནང་མི་བུ་ཕྲུག་ཚང་མ་མཉམ་འཛོམས་ཡོང་རྒྱུའི་རེ་བ་བྱས་ཡོད་ཀྱང་ ལོ་གཅིག་ཕྱིན་ཡང་ད་ལྟའང་ནང་མི་ཁ་བྲལ་གྱི་གནས་སྟངས་འོག་མུ་མཐུད་གནས་བཞིན་པ་འདི་ཁོང་ནང་མི་བུ་ཕྲུག་རྣམས་ལ་སེམས་སྡུག་ཤིན་ཏུ་ཆེན་པོ་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག
དོན་གྲུབ་དབང་ཆེན་ལགས་ད་ལྟའི་ཆར་ཕ་ཡུལ་དུ་སྤུན་ཉེ་ཚོའི་སར་གནས་ཡོད་པ་དང་། བཙོན་ཁང་ནང་མཆིན་པའི་ནད་སོགས་ཀྱི་རྐྱེན་པའི་གཟུགས་གཞིའི་གནས་སྟངས་སྐྱོ་བོ་ཆགས་ཏེ་ད་ལྟའང་དྲག་སྐྱེད་དེ་ཙམ་བྱུང་མེད་པ་གསལ་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།