རྒྱ་ནག་གི་འགོ་ཁྲིད་ལ་མི་དམངས་ཀྱི་ཡིད་ཆེས་འཐོབ་ཀྱི་མེད་སྐོར།
རྒྱ་ནག་གི་འགོ་འཁྲིད་ཚོར་རྒྱལ་ཁབ་སྲ་བརྟན་མེད་པའི་ཁར་མི་དམངས་ཀྱི་ཡིད་ཆེས་མ་ཐོབ་པའི་ཛ་དྲག་གི་དཀའ་ངལ་ཞིག་འཕྲད་བཞིན་འདུག
-
2009-09-22 -
-
-
༄༅༎རྒྱ་ནག་ནས་ཡུལ་གྱར་དུ་སླེབས་པ་གཞུང་དང་ལྟ་བ་མི་མཐུན་མཁན་གྱི་རྒྱ་མིའི་གསར་འགོད་པ་ཞིག་གིས་རྒྱ་ནག་གི་འགོ་འཁྲིད་ཚོར་རྒྱལ་ཁབ་སྲ་བརྟན་མེད་པའི་ཁར་མི་དམངས་ཀྱི་ཡིད་ཆེས་མ་ཐོབ་པའི་ཛ་དྲག་གི་དཀའ་ངལ་ཞིག་འཕྲད་བཞིན་ཡོད་པ་བརྗོད་འདུག
ལཱི་རྡ་ཏོང་ནི་དེ་སྔོན་རྒྱ་ནག་གཞུང་འབྲེལ་རྒྱ་ནག་གཞོན་ནུ་ཉིན་རེའི་གསར་ཤོག་གི་ཡ་གྱལ་འཁྱགས་རོམ་གྱི་གོ་ལ་ཞེས་པའི་དུས་དེབ་དེའི་ལས་དོན་རྩོམ་སྒྲིག་འགན་འཛིན་པ་ཡིན་ཞིང་ཁོང་གིས་རྒྱ་ནག་གཞུང་ནས་གསར་འགྱུར་ལས་རིགས་ཐོག་དམ་བསྒྲགས་སྟངས་འཛིན་བྱེད་པ་དང་གསར་འགོད་པའི་ལས་དོན་ནང་ཐེ་བྱུས་བྱེད་པ་བཅས་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་རྗེས་ལས་ཀ་ནས་ཕྱིར་འབུད་བྱས་ཤིང་དེང་སྐབས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་གཏན་སྡོད་གནང་བཞིན་ཡོད་པ་རེད།
ཁོང་གིས་ཇར་མན་གྱི་ཉིན་རེའི་གསར་ཤོག་ཧཱན་ཌེལ་སི་སྦ་ལཏེ་ལ་རྒྱ་ནག་གི་འགོ་འཁྲིད་ཚོར་ད་བར་བྱུང་མྱོང་མེད་པ་མི་དམངས་ཀྱི་ཡིད་ཆེས་མེད་པའི་ཛ་དྲག་གི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་རེད་ཅེས་དང་མི་དམངས་ཀྱིས་གཞུང་གི་ཇི་བཤད་ལ་ཡིད་ཆེས་བྱེད་ཀྱི་མེད་པར་མ་ཟད་མི་ཚང་མས་གཞུང་གིས་སྐྱག་རྫུན་བཤད་ཀྱི་ཡོད་པ་ཡང་ཤེས་ཀྱི་ཡོད་པ་རེད། དཔེར་ན་ཉེ་ཆར་རྒྱ་ནག་གཞུང་འབྲེལ་གྱི་གསར་ཤོག་ཅིག་གི་ནང་མི་དམངས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་གཞུང་གི་འགོ་འཁྲིད་ཚོ་དང་ལས་བྱེད་པའི་ཆེ་ཐོངས་ནི་རྨས་ཚོང་མའི་ཐོངས་ལས་ཞན་པ་ཡོད་པ་གསལ་ཡོད་པ་རེད་ཅེས་གསུངས་འདུག
ད་དུང་ལཱི་རྡ་ཏོང་གིས་ཕྱི་ཟླ་བཅུ་པའི་ཚེས་གཅིག་སྟེ་རྒྱལ་ཁབ་དབུ་བརྙེས་པའི་དུས་ཆེན་སྲུང་བརྩི་མ་ཞུས་གོང་སྲུང་སྐྱོབ་དམ་བསྒྲགས་ཧ་ཅང་ཤུགས་ཆེ་བྱེད་བཞིན་པ་དེའི་རྒྱུ་མཚན་གཙོ་བོ་ནི་སྤྱིར་བཏང་རྒྱལ་ཁབ་བརྟན་ལྷིངས་མེད་པ་དང་ལྷག་པར་དུ་བོད་དང་ཤིན་ཅང་ནང་དུས་ཟིང་བྱུང་རྗེས་བརྟན་ལྷིངས་ད་དུང་མེད་པར་གྱུར་ཡོད་པའི་མཚོན་རྟགས་གསལ་པོ་ཞིག་རེད་ཅེས་གསུངས་འདུག
ཡང་ཁོང་གིས་རྒྱ་ནག་ཁྱོན་ཡོངས་ཀྱི་ནང་མི་ཚོ་འདོད་བློ་མི་ཁེངས་པར་གནས་ཡོད་ཀྱང་ཁོང་ཚོས་པེ་ཅིང་གཙོས་པའི་ས་ཁུལ་མང་པོའི་ནང་ཞུ་གཏུགས་བསྟུད་མར་བྱེད་བཞིན་ཡོད་ཅིང་འདི་ནི་གཞུང་གི་འགོ་འཁྲིད་ཚོས་མི་དམངས་ལ་ཁས་ལེན་བྱས་པ་ཁག་ལག་བསྟར་དོན་འཁྱོལ་མི་བྱེད་པའི་རྐྱེན་གྱིས་བྱུང་བ་ཞིག་རེད། དེ་བཞིན་གཞུང་ཕྱོགས་ནས་སྤེལ་བའི་དྲིལ་བསྒྲགས་ཀྱི་ལས་དོན་ལ་ཡང་ནུས་པ་དེ་ཙམ་ཐོན་གྱི་མེད་སྟབས་གཞུང་གི་འགོ་འཁྲིད་ཚོས་ཉེན་རྟོག་པ་དང་དམག་མིའི་དྲག་གནོན་ལ་རྟེན་ཤུགས་ཆེ་རུ་བཏང་གི་ཡོད་པ་རེད་ཅེས་གསུངས་འདུག།