གནས་བརྟན་སྡེ་པའི་ལུགས་ཀྱི་དགེ་འདུན་པ་དང་མཉམ་ཤེས་ཡོན་བརྗེ་ལེན་གྱི་འདུ་འཛོམས་གནང་འདུག

གནས་བརྟན་སྡེ་པའི་ལུགས་ཀྱི་དགེ་འདུན་པ་ཁག་ཅིག་གདན་ས་ཆེན་པོ་འབྲས་སྤུངས་སུ་ཤེས་ཡོན་བརྗེ་ལེན་གྱི་ལས་གཞིའི་ནང་ཞུགས་པར་བློ་བསྐྱེད་གསར་པ་དུ་མ་ཞིག་བྱུང་ཡོད་འདུག

གནས་བརྟན་སྡེ་པའི་ལུགས་ཀྱི་དགེ་འདུན་པ་ཁག་ཅིག་གདན་ས་ཆེན་པོ་འབྲས་སྤུངས་སུ་ཤེས་ཡོན་བརྗེ་ལེན་གྱི་ལས་གཞིའི་སྐབས། ༠༡།༡༥།༢༠༢༣ Drepung Gomang Monastery

དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ལྟར། པཱ་ལི་དང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་པའི་ནང་པའི་དགེ་འདུན་པ་ཕན་ཚུན་བར་ཐུགས་མཐུན་ཁྲིམས་གཙང་གི་འཛམ་གླིང་ཞི་བདེ་བསྐྲུན་ཆེད་ཞབས་འདེགས་སྒྲུབ་ཐབས་སུ་དམིགས་ཏེ་ཤེས་ཡོན་བརྗེ་ལེན་གྱི་ལོ་ལྔའི་ལས་འཆར་ཞིག ད་ལོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་འབྲས་སྤུངས་དགོན་པར། པཱ་ལི་ཆོས་བརྒྱུད་འཛིན་པ་ཤྲི་ལངྐ་དང་ཐེ་ལེན་ཌི་ནས་ནང་པའི་དགེ་འདུན་པ་ཁག་ཅིག་དང་། དེ་བཞིན་ལེགས་སྦྱར་གྱི་ཆོས་རྒྱུད་འཛིན་པ་བོད་པའི་དགེ་འདུན་པ་བཅས་ཕྱི་ནང་གི་དགེ་འདུན་པ་ལྷན་དུ། ཟླ་བ་འདིའི་ཕྱི་ཚེས་༧ནས་དབུ་བཙུགས་ཀྱིས་བདུན་ཕྲག་གཉིས་མ་ཟིན་ཙམ་གྱི་རིང་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་སྤེལ་བའི་ནང་། འབྲས་སྤུང་སྒོ་མང་གྲྭ་ཚང་དང་བློ་གསལ་གླིང་གྲྭ་ཚང་གཉིས་ཀྱི་འཛིན་སྐྱོང་དང་ཤེས་ཡོན་སོགས་གང་སྤྱིར་གནས་ཚུལ་རྒྱུས་ལོན་གནང་བའི་ནང་ཤྲི་ལངྐའི་ནང་པའི་དགེ་འདུན་པ་སུ་ཧཏ་གྷན་ཨ་ནུ་རུདྷ་ཡིས། ད་ལན་ཤེས་ཡོན་བརྗེ་ལེན་གྱི་ལས་རིམ་བརྒྱུད་ཉམས་མྱོང་གསར་པ་མང་པོ་བྱུང་བ་དང་། ཤྲི་ལངྐ་དང་མི་འདྲ་བར་བོད་པའི་དགོན་སྡེ་ཁག་གི་འཛིན་སྐྱོང་དང་ཤེས་ཡོན་གནས་སྟངས་ཀྱི་ཐོག་གོ་རྟོགས་གསར་པ་མང་པོ་བྱུང་བ་མ་ཟད། བློ་བསྐྱེད་རག་བྱུང་། དགེ་འདུན་པའི་འདུལ་བའི་ཁྲིམས་སོགས་ཀྱི་ཐད་མི་འདྲ་བའི་ཁྱད་པར་དེ་ཙམ་མེད་པ་ཤེས་རྟོགས་བྱུང་ཅེས་དང་། ཤྲི་ལངྐའི་དགོན་པ་ཁག་ནང་བཞིན་གྱི་བོད་པའི་དགོན་སྡེ་ཁག་ཏུ་སློབ་ཚན་འདྲ་མིན་སློབ་ཁྲིད་གནང་བཞིན་ཡོད་པ་མ་ཟད། བོད་པའི་དགོན་སྡེ་ཁག་གི་ནང་ཚན་རིག་སློབ་ཁྲིད་གནང་ཏེ་དགོན་པ་སོ་སོར་ཚན་རིག་བསྟི་གནས་ཁང་ཟུར་བཙུགས་ཀྱི་དགེ་འདུན་པ་ཚོར་ཚན་རིག་སློབ་སྦྱོང་གནང་བ་དེ་དགོས་གལ་ཆེ་ཞིང་། དེ་ལྟར་གནང་བ་དེས་ནང་ཆོས་སློབ་ཁྲིད་བྱ་རྒྱུར་སྟབས་བདེ་བ་ཡོད་པ་སོགས་ཀྱི་ཕན་ཐོགས་ཡོད་པ་མཐོང་བྱུང་། གཞན་ཤྲི་ལངྐའི་ནང་པའི་དགེ་འདུན་པ་ཚོའི་ཞལ་ལག་སོགས་ཀྱི་ཉིན་རེའི་འཚོ་བའི་དགོས་མཁོ་ཁག་སློབ་མ་འམ་མང་ཚོགས་ཀྱི་མཆོད་འབུལ་གྱི་ཚུལ་དུ་འབུལ་གྱི་ཡོད་པ་དང་། བོད་པའི་དགོན་སྡེ་ཁག་ཏུ་དགོན་པའི་འཛིན་སྐྱོང་རང་ངོས་ནས་འཚོ་ཐབས་སྦྱར་བ་དེ་ནི་གཞན་བརྟེན་མ་དགོས་པ་ཞིག་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁ་ངལ་གསུང་བྱུང་།
ཡང་ཐེ་ལེན་ཌི་ནས་ཡིན་པ་དགེ་འདུན་པྲ་ཝུཌ་ལགས་ཀྱིས། འཇང་དགུན་ཆོས་སོགས་དགེ་འདུན་པ་ཁྱོན་ཆེ་འདུ་འཛོམས་ཀྱིས་རྩོད་པ་སྐྱོན་པའི་སྐབས་བསམ་ཚུལ་འདྲ་མིན་གྱི་བློ་བསྐྱེད་གསར་པ་དུ་མ་ཞིག་རག་པ་དང་། གོ་རྟོགས་གསལ་པོ་དང་རྩོད་པའི་གདེང་སྤོབས་དང་རིག་རྩལ་འཕེལ་རྒྱུ་སོགས་བོད་པའི་ནང་ཆོས་དང་འབྲེལ་བའི་རྩོད་པ་བསྐྱོན་པའི་ལུགས་སྲོལ་དེ་ལ་ཁྱད་ཆོས་དུ་མ་ཞིག་ལྡན་ཡོད་པའི་འགྲེལ་བརྗོད་གནང་བྱུང་།


ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་འདི་ནི། དགའ་ལྡན་ཕོ་བྲང་ཡིག་ཚང་གི་ལྷོ་ཤར་ཨེ་ཤེ་ཡ་སྡེ་ཚན་དང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གཙོ་བོ་བཀོད་སྒྲིག་འོག་འབྲས་སྤུངས་བླ་སྤྱི་དང་སྒོ་མང་། དེ་བཞིན་བློ་གསལ་གླིང་གྲྭ་ཚང་བཅས་ཀྱི་འཕྱར་གྲུ་མཉམ་འདེགས་ཀྱི་མཐུན་འགྱུར་རྒྱབ་སྐྱོར་གནང་ཏེ། པཱ་ལི་ཆོས་བརྒྱུད་འཛིན་པ་ཤྲི་ལངྐའི་ནང་པའི་དགེ་འདུན་པ་༡༧དང་། ཐེ་ལེན་ཌི་ནས་ནང་པའི་དགེ་འདུན་པ་༡༥། དེ་བཞིན་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་པ་བོད་པའི་དགེ་འདུན་པ་༡༥བཅས་ཁྱོན་བསྡོམས་དགེ་འདུན་པ་༤༧ལྷན་བཞུགས་ཀྱིས་ཤེས་ཡོན་བརྗེ་ལེན་གནང་བ་དང་། འདི་ཚེས་༡༩ཉིན་ཐེངས་འདིའི་ལས་གཞི་དེ་རེ་ཞིག་མཇུག་སྒྲིལ་གྱི་ཡོད་པ་རེད།
དེའི་ཐད་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ངོ་དེབ་ཐོག ད་ལན་དགེ་འདུན་སྡེ་ཁག་གཉིས་ནས་བརྗོད་གཞི་དམ་ཆོས་འདུལ་བའི་སྡོམ་པ་འབོག་ཆོག་དང་། དགེ་ཚུལ་སློང་གི་བསླབ་གཞི་སྐོར་སོགས་ལ་བགྲོ་གླེང་གནང་སྟེ། ཕན་ཚུན་གོ་རྟོགས་རྒྱས་ཤིང་། སྟོན་པའི་རྗེས་འཇུག་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་སོང་བ་སོགས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་བ་ཞིག་བྱུང་ཚུལ་བྲིས་འདུག


གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org