ལེགས་སྦྱར་དང་པ་ལི་ཆོས་རྒྱུད་ཀྱི་ནང་པའི་དགེ་སློང་ཚོའི་བར་ཉམས་མྱོང་བརྗེ་རེས་གནང་མཁན་དགེ་སློང་རྣམ་པར་༧གོང་ས་མཆོག་གིས་མཇལ་ཁ་སྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་ཕེབས་པ་ཇི་བཞིན། འདས་པའི་ལོ་གཉིས་ཀྱི་རིང་ལྷོ་ཤར་ཨེ་ཤེ་ཡའི་ནང་གི་འཕགས་པ་གནས་བརྟན་པའི་པ་ལི་ཆོས་རྒྱུད་ཀྱི་དགེ་སློང་རྣམ་པ་དང་། ལེགས་སྦྱར་གྱི་ཆོས་རྒྱུད་འཛིན་པའི་ནང་པའི་དགེ་སློང་རྣམས་ཀྱི་བར་ཉམས་མྱོང་སྤེལ་རེས་ཀྱི་ལས་འཆར་ཅིག་བསྒྲིགས་ཏེ། ཐེ་ལཎྜི་དང་ཤྲི་ལངྐའི་དགེ་སློང་རྣམས་རྒྱ་གར་ནང་བོད་བརྒྱུད་ནང་པའི་སེར་འབྲས་ཀྱིས་མཚོན་པའི་གདན་ས་ཁག་ཏུ་ཕེབས་པ་དང་། ཡང་གདན་ས་ཁག་གི་དགེ་བཤེས་རྣམ་པ་ཤྲི་ལངྐ་དང་ཐེ་ལཎྜི་ལ་ཕེབས་ནས་དེ་གའི་དགོན་སྡེ་ཁག་ལ་རྒྱུས་ལོན་དང་བགྲོ་གླེང་སོགས་གནང་ཡོད་པ་རྣམས། སྤྱི་ཟླ་༦པའི་ཚེས་༦ཉིན་བཞུགས་སྒར་དུ་ཕེབས་ནས་སྤྱི་ནོར་༧གོང་ས་མཆོག་ལ་མཇལ་ཁ་ཞུས་འདུག གོ་སྒྲིག་པ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དྲུང་ཆེ་མཁན་ཟུར་བློ་བཟང་རྒྱལ་མཚན་ལགས་ནས། ཉེ་ལམ་པ་ལིའི་ཆོས་རྒྱུད་ཀྱི་དགེ་སློང་ཁག་ཅིག་སེ་ར་དགོན་པར་ཕེབས་ནས། གདན་ས་ཁག་གི་སློབ་གཉེར་གནང་སྟངས་དང་འདུལ་བའི་ཕྱག་ལེན་གནང་སྟངས་བཅས་ལ་རྒྱུས་ལོན་བྱས་སྐོར་གསུངས་པ་དང་། བོད་བརྒྱུད་ནང་པའི་དགེ་སློང་རྣམ་པའི་བར་སྐབས་ཐེ་ལཎྜི་དང་ཤྲི་ལངྐའི་ནང་ཕེབས་པར་སྐད་སྒྱུར་གནང་མཁན། སེར་བྱེས་དགེ་བཤེས་བསོད་ནམས་དབང་ལྡན་ལགས་ནས་༧གོང་ས་མཆོག་ལ་སྤྱི་ལོ་༡༩༦༠དང་༧༠ནས་ཕལ་ཆེར་དགོངས་གཞི་དེ་འདྲ་ཞིག་འཁྲུངས་ཡོད་པར་བརྟེན། ང་ཚོས་དགོངས་གཞི་དེའི་ཆ་ཤས་ཤིག་འགྲུབ་ཐུབ་སོང་སྙམ་ནས་སོ་སོས་དགའ་བ་སྒོམ་གྱི་ཡོད་པ་དང་། ང་ཚོ་འགྲོ་སའི་རྒྱལ་ཁབ་དེ་གཉིས་ནང་དམིགས་བསལ་དགེ་འདུན་པ་དང་སྐྱ་བོའི་འབྲེལ་ལམ་ཐག་ཉེ་དང་། མི་སྐྱ་ཚོས་དགེ་འདུན་པར་རྒྱབ་སྐྱོར་དང་དད་གུས་ཀྱིས་ཡིད་འཕྲོག་སོང་ཞེས་འགྲེལ་བརྗོད་གནང་གི་འདུག
ཡང་ཁོང་ཚོ་དང་མཉམ་དུ་ཐེ་ལཎྜིའི་དགེ་སློང་ཁག་ཅིག་ཀྱང་ཡོད་པ་ལས་དགེ་སློང་མ་ཧ་ཡ་ནོ་ལགས་ནས། ནང་པའི་ཆོས་རྒྱུད་མི་འདྲ་བ་ཕན་ཚུན་དབར་ཉམས་མྱོང་བརྗེ་རེས་ཀྱི་ལས་འཆར་འདི་༧གོང་ས་མཆོག་གིས་ང་ཚོ་ཕན་ཚུན་སློབ་སྦྱོང་སྤེལ་རེས་སུ་དགོངས་བཞེས་ཀྱིས་དབུ་འཛུགས་ལམ་སྟོན་ཞུས་པ་ཞིག་ཡིན་པས། དེ་རིང་ང་ཚོའི་ལས་འཆར་གྱི་ལོ་གཉིས་པའི་མཇུག་སྡོམ་དང་བསྟུན། མགོན་པོ་གང་ཉིད་ལ་ང་ཚོའི་ལས་སྡོམ་སྙན་སྒྲོན་གྱི་བསྐལ་བ་ལྡན་པ་དང་། ཁོང་གི་དགོངས་པ་ཇི་བཞིན་དུ་སྒྲུབ་ཀྱི་ཡོད་པའི་གནས་ཚུལ་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་སྤྲོ་དང་བྱིན་རླབས་ཀྱི་ཚོར་བ་ཆེན་པོ་ཐོབ་སོང་ཞེས་ངོ་སྤྲོད་གནང་སོང་།
ལོ་ལྔ་རིང་ལེགས་སྦྱར་དང་པ་ལི་ཆོས་རྒྱུད་ཀྱི་བར་ཤེས་ཡོན་དང་ཉམས་མྱོང་བརྗེ་རེས་ཀྱི་ལས་འཆར་དེར། འདས་པའི་ལོ་གཉིས་རིང་དགེ་ལྡན་པའི་གདན་ས་ཁག་གི་དགེ་བཤེས་རྣམ་པ་དང་ས་སྐྱའི་མཁན་པོ་རྣམ་པ་ཁག་ཅིག དེ་བཞིན་རྙིང་མའི་དགེ་སློང་ཁག་ཅིག་ཀྱང་མཉམ་ཞུགས་གནང་ཡོད་པ་ལྟར། རིམ་པས་བོད་ཀྱི་ཆོས་རྒྱུད་ཁག་ཚང་མ་ནས་མཉམ་ཞུགས་ཡོང་བར་ཅི་ཐུབ་འབད་བརྩོན་གནང་འཆར་ཡོད་པ་རེད་འདུག
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།