༸གོང་ས་མཆོག་དང་ཧོའོ་ལེན་ཌིའི་ཕྱི་སྲིད་བློན་ཆེན་མཇལ་མོལ།

ཧོའོ་ལེན་ཌི་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གྱིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་ཡོད་པ་རེད།

༄༅༎རྒྱ་ནག་གཞུང་གི་གནོན་ཤུགས་ལ་མ་ལྟོས་པར་དེ་རིང་རེས་གཟའ་པ་སངས་ཉིན་ཧོའོ་ལེན་ཌི་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གྱིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་ཡོད་པ་རེད།

བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ལྔ་པའི་ཚེས་སུམ་ཅུ་སོ་གཅིག་ཉིན་ཌེན་མཀ་ཀྱི་རྒྱལ་ས་ཁོ་པེན་ཧ་གེན་ནས་ཆིབས་ཞལ་བསྒྱུར་ཏེ་ཕྱི་ཟླ་དྲུག་པའི་ཚེས་གཅིག་ཉིན་ཨའེ་སི་ལེན་ཌི་དུ་ཞབས་སོར་འཁོད་ཡོད་ཅིང་དེ་ནས་ཕྱི་ཚེས་གསུམ་ཉིན་ཧོའོ་ལེན་ཌི་དུ་ཆིབས་བསྒྱུར་གྱིས་ཉིན་གསུམ་རིང་མཛད་འཆར་ཁག་བསྐྱང་གནང་བའི་ནང་ཧོའོ་ལེན་ཌིའི་ཕྱི་སྲིད་བློན་ཆེན་དང་དེ་མིན་གྱི་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་ཁག་དང་མཇལ་འཛོམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་ཆོས་ལུགས་ཁག་བར་འཆམ་མཐུན་ཡོང་ཐབས་ཐད་བཀའ་བསྡུར་གནང་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཧོའོ་ལེན་ཌི་རྒྱལ་ཁབ་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་ལམ་ཞུ་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་མ་ཟད་གལ་ཏེ་འབྲེལ་ལམ་བྱས་པ་ཡིན་ཚེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གནོད་འཚེ་འགྲོ་རྒྱུ་ཡིན་པའི་ཉེན་བརྟ་བཏང་ཡོད་ཀྱང་ལྷན་འཛོམས་དེ་ཧོའོ་ལེན་ཌིའི་ནུབ་ཕྱོགས་གྲོང་ཁྱེར་ཧའག་ནང་ཚོགས་གནང་ཡོད་ཅིང་ཧོའོ་ལེན་ཌིའི་ཕྱི་སྲིད་བློན་ཆེན་གྱིས་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་པ་དང་གཞུང་འབྲེལ་གྱི་འབྲེལ་ལམ་ཞུས་པ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ངོ་བོའི་ཐོག་ནས་མཇལ་འཕྲད་ཞུས་པ་ཡིན་ཞེས་གསུང་ཡོད་པ་མ་ཟད་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྟེན་ནས་ཧོའོ་ལེན་ཌི་གྱི་སྲིད་བློན་གྱིས་མཇལ་འཕྲད་ཞུས་མེད་པ་རེད། གང་ལྟར་རྒྱ་ནག་གཞུང་གིས་ད་རེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ནང་ཆིབས་བསྒྱུར་སྐྱང་ཡུལ་དེ་དག་ལ་ཉེན་བརྡ་བཏང་སྟེ་རྒྱལ་ཁབ་གང་ཞིག་གིས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུར་རྒྱལ་ཁབ་དེ་དག་དང་རྒྱ་ནག་བར་གྱི་འབྲེལ་བར་ཚབས་ཆེའི་གནོད་འཚེ་འགྲོ་རྒྱུ་རེད་ཅེས་འཇིགས་སྐུལ་ཇི་ཙམ་བྱས་ཡོད་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མ་ཆོག་ད་རེས་ཌེན་མཀ་དུ་ཆིབས་བསྒྱུར་བསྐྱང་གནང་བའི་སྐབས་ཌེན་མཀ་ཀྱི་སྲིད་བློན་དང་དེ་མིན་གྱི་གནད་ཡོད་དཔོན་རིགས་མཐོ་གྲས་ཁག་གིས་མཇལ་འཕྲད་ཞུས་ཡོད་པ་མ་ཟད་པོའོ་ལེན་ཌིའི་རྒྱལ་ས་ལྦའར་སོའོ་ཡིས་ཆེ་བསྟོད་ཀྱི་ཆབ་འབངས་མི་སེར་གྱི་ཕྱག་འཁྱེར་འབུལ་རྒྱུའི་ཐག་གཅོད་གནང་བ་དང་ཟླ་བ་འདིའི་ཕྱི་ཚེས་དྲུག་ནས་བརྒྱད་བར་ཕེ་རན་སི་དུ་ཆིབས་བསྒྱུར་བསྐྱང་སྟེ་ཉིན་གསུམ་གྱི་མཛད་འཆར་དེའི་རིང་ལ་ཕེ་རན་སིའི་རྒྱལ་ས་པེ་རི་སི་ཡིས་ཆེ་བསྟོད་ཀྱི་ཆབ་འབངས་ཀྱི་མི་སེར་གྱི་ཕྱག་འཁྱེར་འབུལ་རྒྱུ་ཡིན་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org