བོད་ལ་དོན་དམ་གྱི་རང་སྐྱོང་ཆེད་གྲོས་མོལ་སླར་གསོ་འབོད་སྐུལ།

ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གཞུང་ལ་བོད་ལ་དོན་དམ་གྱི་རང་སྐྱོང་གི་གནས་བབ་ཅིག་ཡོང་ཐབས་སུ་གྲོས་མོལ་སླར་གསོ་བྱེད་རྒྱུའི་འབོད་སྐུལ།

༄༅༎ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གཞུང་ལ་བོད་ལ་དོན་དམ་གྱི་རང་སྐྱོང་གི་གནས་བབ་ཅིག་ཡོང་ཐབས་སུ་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་གནང་འདུག

བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་ད་རིང་གནས་ཚུལ་བཀོད་ཐོན་བྱུང་བར་ལྟར་ན་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་གོ་སྒྲིགས་གནང་བའི་ཉན་ཞིབ་གནང་བའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཆེད་བཅར་ཞུས་ཡོད་པ་མ་ཟད་ཁོང་གིས་༸གོང་ས་མཆོག་ནི་རྒྱ་ནག་དབང་འཛིན་པར་བོད་མི་ཚོའི་ཆོས་དང་རིག་གཞུང་གི་ཐོབ་ཐང་ཐོག་འཐབ་རྩོད་གནང་མཁན་གྱི་སྐུ་ཚབ་ངོ་མ་དེ་རེད།ཡིན་ནའང་ནམ་ཞིག་༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་འཚོ་བཞུགས་མེད་པའི་དུས་ཚོད་ཅིག་ཀྱང་ཤར་རྒྱུ་ཡིན་སྟབས་དེར་གཞིགས་པས་བོད་མི་ཚོར་ཡང་དག་པའི་མང་གཙོའི་ལམ་ལུགས་ལྡན་པའི་སྒྲིག་འཛུགས་ཤིག་ཀྱང་བཙུགས་ཡོད་རེད། བོད་མི་ཁག་ཅིག་གིས་རྒྱ་ནག་གཞུང་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་དོན་དམ་པའི་ཐོག་ནས་གྲོས་མོལ་བྱེད་ཀྱི་མ་རེད་བསམ་པའི་བློ་དོགས་བྱེད་ཀྱི་ཡོད་རེད། འགྲོ་བ་མིའི་ཐོབ་ཐང་ཐོག་འཐབ་རྩོད་མུ་མཐུད་བྱེད་རྒྱུའི་ཆོད་སེམས་ནི་བོད་མི་ཚང་མར་ཡོད་པ་ཞིག་རེད་ཅེས་གསུངས་ཡོད་འདུག སྐབས་དེའི་ཉན་ཞིབ་སྐབས་རྒྱ་ནག་གཞུང་གི་སྐུ་ཚབ་ཀྱང་ཆེད་བཅར་ཞུ་དགོས་ཀྱི་ཡོད་ཀྱང་བཅར་མེད་པར་བརྟེན་ཨི་ཊ་ལིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མར་ཀོ་ཀ་པ་ཀྲོ་མཆོག་གིས་ད་རསེ་རྒྱ་ནག་གཞུང་གི་སྐུ་ཚབ་མ་བཅར་དེས་རང་བཞིན་གྱི་རྒྱ་ནག་གཞུང་ཕྱོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་རྒྱུ་དང་བོད་མིའི་སྐུ་ཚབ་དབར་གྲོས་མོལ་སྦྱང་བཤད་བྱེད་རྒྱུའི་གོ་སྐབས་བཟང་པོ་དེ་ཤོར་བ་རེད་ཅེས་སྐྱོན་བརྗོད་གནང་བ་དང་སྦྲགས་ཁོང་གིས་ཡུ་རོབ་གྲོས་ཚོགས་ངོས་ནས་ད་ཆ་སླར་ཡང་རྒྱ་ནག་གཞུང་ལ་བོད་མིའི་སྐུ་ཚབ་མཉམ་གྲོས་མོལ་སླར་གསོ་གནང་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཡོང་ཐབས་བྱེད་དགོས་པའི་འབོད་སྐུལ་གནང་དགོས་ལུགས་གསུངས་འདུག དེ་དང་ཕྱོགས་མཚུངས་གྲོས་ཚོགས་ཀྱི་འཐུས་མི་གཞནཁག་ཅིག་ནས་ཀྱང་དེ་ལྟར་འབོད་སྐུལ་ཞུས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org