རྒྱ་ནག་ཐོག་བཀལ་བའི་གོ་མཚོན་ཕྱིར་ཚོང་བཀག་སྡོམ་མུ་མཐུད།
འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་མ་སོང་བར་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་ཐོག་གོ་མཚོན་ཕྱིར་ཚོང་བཀག་སྡོམ་མུ་མཐུད་གནས་དགོས།
-
2009-06-18 -
-
-
༄༅༎རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་མ་སོང་བར་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་ཐོག་བཀལ་བའི་གོ་མཚོན་ཕྱིར་ཚོང་བཀག་སྡོམ་བྱས་པ་དེ་མུར་གནས་དགོས་ལུགས་སྐོར་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་དཔྱད་གཏམ་གྱི་རྩོམ་བྲིས་སྤེལ་འདུག
གོང་གསལ་རྩོམ་བྲིས་ནང་བཀོད་པར་གཞིགས་ན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་སློབ་ཕྲུག་གིས་སྣེ་འཁྲིད་བྱས་པའི་དམངས་གཙོའི་ལས་འགུལ་ཁྲོད་རྒྱ་ནག་གཞུང་གིས་མི་གསོད་ཁྲག་སྦྱོར་གྱི་དྲག་གནོན་གྱི་རྐྱེན་པས་ཉུང་ཐར་མི་གྲངས་༨༠༠ནས་༡༠༠བར་དམར་བསད་བཏང་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་ད་ལྟ་ཕན་རྒྱ་ནག་དམར་ཤོག་ཚོགས་པས་དམངས་གཙོའི་ལས་འགུལ་དེ་བཞིན་དོན་རྐྱེན་ཆུང་རྩག་གི་གནད་དོན་ཞིག་ཡིན་ཚུལ་དང་དོན་རྐྱེན་དེའི་འོག་བདེ་འཇགས་དམག་མི་ཐེ་བས་ཁྱོན་མི་གྲངས་༢༤༡ལས་རྐྱེན་འདས་ཕྱིན་མེད་ཚུལ་སོགས་དངོས་ཡོད་ཀྱི་བྱུང་རྐྱེན་ལ་ངོས་ལེན་ཅི་ནས་བྱེད་ཀྱི་མེད་པ་རེད། ཡིན་ཡང་རྒྱ་ནག་གཞུང་གི་དྲག་གནོན་གྱི་བྱ་སྤྱོད་ལ་ངོ་རྒོལ་དང་དམངས་གཙོ་ལས་འགུལ་ལ་རྒྱབ་ཀྱི་རྣམ་པ་མཚོན་ཆེད་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ངོས་ནས་རྒྱ་ནག་ཐོག་ཡུ་རོབ་ཡུལ་ཁག་གིས་གོ་མཚོན་ཕྱིར་ཚོང་བཀག་སྡོམ་བྱ་རྒྱུའི་ཉེས་ཆད་གཏན་འབེབས་བྱས་ཡོད་པ་དང་རྒྱ་ནག་གཞུང་ཕྱོགས་ནས་ཉེས་ཆད་དེ་ཕྱིར་འཐེན་འབྱུང་ཐབས་ཀྱི་འབད་བརྩོན་དང་གནོན་ཤུགས་སྟུད་མར་སྤྲོད་བཞིན་ཡོད་པ་རེད། དུས་ཡུན་དེའི་རིང་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཡང་ཡར་རྒྱས་གཏོང་ཕྱོགས་སྐོར་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་བཀའ་བསྡུར་ལན་མང་བྱས་ཀྱང་དོན་དམ་གྱི་གྲུབ་འབྲས་གང་ཡང་སོན་མེད་པ་མ་ཟད་ད་དུང་རྒྱ་ནག་གཞུང་ཕྱོགས་ནས་ཨ་རི་དང་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་སོགས་དང་གྲོས་མོལ་བཀའ་བསྡུར་བྱེད་སྐབས་འགྲོ་བ་མིའི་ཐོབ་ཐང་དང་ཏཱ་ལའི་བླ་མ་དང་དེ་བཞིན་བོད་ཀྱི་གནད་དོན་བཅས་ནུབ་ཕྱོགས་ཡུལ་ཁག་གིས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུའི་ལག་ཆ་ལྟ་བུར་བེད་སྤྱོད་བྱེད་ཀྱི་ཡོད་ལུགས་ལྡོག་ཕྱོགས་ཀྱི་ཁག་དཀྲི་གཡོག་གི་ཡོད་པ་རེད། གནད་དོན་དེ་དག་ལ་རྐྱེན་པས་དེང་སང་དཔལ་འབྱོར་ཉམ་ཉེས་ཀྱི་གནས་སྟངས་དང་ཤུགས་རྐྱེན་ལ་མི་ལྟོས་པར་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ངོས་ནས་རྒྱ་ནག་ཐོག་གོ་མཚོན་ཕྱིར་ཚོང་བཀག་སྡོམ་གྱི་ཉེས་ཆད་རང་སར་གནས་དགོས་ལུགས་ནན་བརྗོད་བྱས་འདུག