རྒྱ་ནག་ནང་ཚོང་ལས་ཀྱི་ཐོབ་ཐང་འདྲ་མཉམ་སྤྲོད་ཀྱི་མེད་སྐོར།

རྒྱ་ནག་ནང་ཡུ་རོཔ་གྱི་ཁེ་གཉེར་ལས་ཁང་ཁག་ལ་ཚོང་ལས་ཀྱི་ཐོབ་ཐང་འདྲ་མཉམ་སྤྲོད་ཀྱི་མེད་པའི་རྒྱ་ནག་གི་རང་སྲུང་ལམ་ལུགས་ལ་བློ་འཚབ།

༄༅༎དེ་རིང་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་ནང་ཡུ་རོཔ་གྱི་ཁེ་གཉེར་ལས་ཁང་ཁག་ལ་ཚོང་ལས་ཀྱི་ཐོབ་ཐང་འདྲ་མཉམ་སྤྲོད་ཀྱི་མེད་པའི་རྒྱ་ནག་གི་རང་སྲུང་ལམ་ལུགས་ལ་བློ་འཚབ་གསལ་བཏོན་གནང་ཡོད་ནའང༌། རྒྱ་མིའི་དངུལ་ལོར་གྱི་འཛའ་ཐང་ལ་བསྐྱར་བཅོས་བྱེད་དགོས་རྒྱུའི་ཕྱི་ཕྱོགས་ཀྱི་གནོན་ཤུགས་ལ་སྐྱོན་བརྗོད་གནང་འདུག།

རྒྱ་ནག་ནང་བཅའ་ཞུགས་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་གཞུང་ཚབ་ཆེན་མོ་སེར་གེ་ཨ་སྦུ་ཡིས་རྒྱ་ནག་ལ་དངོས་ཟོག་ཕྱིར་ཚོང་མ་བྱས་གོང་ཡུ་རོབ་ནང་གི་ཁེ་གཉེར་ལས་ཁང་མང་ཆེ་བར་འགོར་འགྱངས་ཆེ་བ་དང་འགྲོ་སོང་ཆེན་པོ་། དེ་བཞིན་རྙོག་གཞི་ཆེ་བའི་ཚོང་ལས་བྱ་རིམ་འགྲིམས་དགོས་རྒྱུའི་རྒྱ་ནག་གི་རྒྱས་བཅད་ལག་འཁྱེར་ངེས་པར་སྤྲོད་གལ་ཆེ་བའི་སྐོར་གསུངས་བཞག།

ཡང་ཁོང་གིས་རྒྱ་ནག་གི་དངོས་ཟོག་ནང་འདྲེན་གྱི་སྒྲིག་གཞི་དེ་ཚོ་རྒྱལ་ནང་གི་ཐོན་ཟོག་ལ་སྲུང་སྐྱོབ་ཆེན་པོ་བྱེད་པའི་ལམ་ལུགས་ཡོད་དུས། ཕྱིའི་ཡུལ་ཁག་གི་ཚོང་ལས་ཁང་ཆུང་བ་ཚོས་དཀའ་ངལ་དེ་ཚོ་གཡོལ་ཐབས་སུ་རྒྱ་ནག་གི་ཁྲོམ་རྭའི་ནང་དངོས་ཟོག་གཏོང་མ་ཐུབ་པ་ཆགས་ཀྱི་ཡོག་རེད་ཅེས་འགྲེལ་བརྗོད་གནང་འདུག།

རྒྱ་ནག་དང་ཚོང་འབྲེལ་བྱེད་མཁན་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཚོང་ལས་བྱེད་མཁན་ཕྱི་རྒྱལ་གྱི་ཁེ་གཉེར་ལས་ཁང་ཚོར་ཚོང་འབྲེལ་བྱེད་མི་བདེ་བ་བཟོ་གི་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་ནའང༌། རྒྱ་ནག་གིས་ཕྱི་རྒྱལ་ཚོང་ལས་ཁང་ཚོར་ལས་དོན་བྱེད་ཁག་པོ་བཟོ་གིན་ཡོད་པའི་ཕྱིའི་སྐྱོན་བརྗོད་ལ་ངོས་ལེན་བྱེད་ཀྱི་མེད་པ་རེད།

རྒྱ་ནག་ནང་གི་ཡུ་རོཔ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་གཞུང་ཚབ་ཆེན་མོ་སེར་གེ་ཨ་སྦུ་ཡིས་རྒྱ་ནག་གི་དངོས་ཟོག་ཕྱིར་ཚོང་གི་ཁྲོམ་རྭ་ཆེ་ཤོས་ཡོད་སའི་ཡུ་རོཔ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་རྒྱལ་ཁབ་ཁག་ནང་རྒྱལ་ནང་དང་ཕྱི་རྒྱལ་གྱི་ཁེ་གཉེར་ལས་ཁང་ཚང་མར་ཐོབ་ཐང་འདྲ་མཉམ་སྤྲོད་ཀྱི་ཡོད་པའི་སྐོར་གསུངས་ཏེ། རྒྱ་ནག་གི་ངོས་ནས་ཀྱང་དེ་མཚུངས་བྱེད་དགོས་པའི་སྐོར་གསུངས་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org