རྒྱ་ནག་ནས་བཟོ་བསྐྲུན་བྱས་པའི་དངོས་ཟོག་རྫུན་མ།
ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་ནས་བཟོ་སྐྲུན་བྱས་པའི་དངོས་ཟོག་རྫུན་མ་ཕྱིརྒྱལ་ཁག་ནང་མང་དུ་འགྲོ་གི་ཡོད་པའི་སྐྱོན་བརྗོད།
-
2010-07-23 -
-
-
༄༅༎ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་ནས་བཟོ་སྐྲུན་བྱས་པའི་དངོས་ཟོག་རྫུན་མ་ཕྱིའི་རྒྱལ་ཁབ་ཁག་ནང་མང་དུ་འགྲོ་གི་ཡོད་པའི་སྐྱོན་བརྗོད་གནང་ཡོད་པ་རེད།
དེ་ཡང་ཟླ་བ་འདིའི་ཕྱི་ཚེས་༢༢ཉིན་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་བཏོན་གནང་བའི་སྙན་ཐོ་ཞིག་ནང། ན་ནིང་ཕྱིའི་རྒྱལ་ཁབ་ཁག་༢༧ ནང་དུ་རྒྱ་ནག་ནས་བཟོ་སྐྲུན་བྱས་པའི་CDདང་DVDདེ་བཞིན་ཁྱིམ་ཚང་དུ་བེད་སྤྱོད་གཏོང་བའི་གློག་གི་ཅ་དངོས་སོགས་དངོས་ཟོག་རྫུན་མ་བརྒྱ་ཆ་༦༤ གཞུང་བཞེས་བཏང་བའི་ནང་ནས་རྒྱ་ནག་ནས་ཐོན་པའི་གྱོན་ཆས་ཀྱི་ཐོན་སྐྱེད་མང་ཤོས་ཡིན་པ་གསུང་ཡོད་ཅིང༌། ཡིན་ནའང་རྒྱ་ནག་ནས་ཐོན་པའི་ཐ་མག་ནག་ཚོང་དང། དངོས་ཟོག་གི་ལས་རྟགས་རྫུན་མ་དང་སྨན་རྫུན་མ་སོགས་ཁྲིམས་འགལ་གྱི་ནག་ཚོང་དངོས་ཟོག་ཚོང་འགྲེམས་བྱེད་པ་ནི་རྒྱུན་དུ་འཕྲད་བཞིན་པའི་དཀའ་ངལ་ཡིན་པ་གསུང་ཡོད་པ་རེད། དམིགས་བསལ་རྒྱ་ནག་ནས་བཟོ་སྐྲུན་བྱས་པའི་སྐྲ་འཁྲུ་བའི་ཤེམ་ཕུའུ་དང༌། སོ་སྨན། ཕྲུ་གུའི་རྩེད་ཆས། ཁྱིམ་ཚང་དུ་བེད་སྤྱོད་གཏོང་བའི་འཕྲུལ་ཆས་རྫུན་མ་སོགས་མི་དམངས་ཀྱི་འཕྲོད་བསྟེན་ལ་གནོད་གཞིའི་དངོས་ཟོག་དེ་དག་ཚོང་འགྲེམས་བྱེད་པར་བཀག་འགོག་བྱས་པའི་སྐོར་གསུང་སྟེ། ན་ནིང་ཁྱོན་ཡོངས་ཀྱི་རྒྱ་ནག་གི་དངོས་ཟོག་རྫུན་མའི་གྱོད་དོན་བཞི་ཁྲི་གསུམ་སྟོང་ལྷག་ཐག་གཅོད་བྱས་པ་དང་དངོས་ཟོག་ས་ཡ་༡༡༨བཞུང་བཞེས་བཏང་ཡོད་ཅིང༌། དེའི་ནང་ནས་ཐ་མག་གི་ཐོན་སྐྱེད་བརྒྱ་ཆ་༡༩ དང་རྡོ་ཐག་གི་ཐོན་སྐྱེད་བརྒྱ་ཆ་༡༦ལས་རྟགས་རྫུན་མའི་དངོས་ཟོག་བརྒྱ་ཆ་༡༣ སྨན་རྫུན་མ་བརྒྱ་ཆ་༡༠གཞུང་བཞེས་བཏང་སྟེ། གཞུང་བཞེས་བཏང་བའི་དངོས་ཟོག་རྫུན་མ་བརྒྱ་ཆ་༧༧ལྷག་རྩ་མེད་བཟོས་པའམ་ཡང་ན་ཁྲིམས་ཁང་ནས་ཁྲིམས་སྲོལ་བརྡལ་བཤིག་བཏང་བའི་ནག་ཉེས་ལ་གཞིགས་པའི་ཐག་གཅོད་བྱས་ཟིན་པའི་གནས་ཚུལ་གསུང་ཡོད་པ་རེད།