དཔོན་རིགས་ནས་༸གོང་ས་མཆོག་དང་མཇལ་དགོས་པའི་སྐུལ་མ།

༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ནས་འཛམ་གླིང་ཡུལ་ཁག་གི་དཔོན་རིགས་ཚོས་༸གོང་ས་མཆོག་དང་མཇལ་དགོས་པའི་སྐུལ་མ།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་འཛམ་གླིང་ཡུལ་ཁག་གི་དཔོན་རིགས་ཚོས་ཨ་རིའི་སྲིད་འཛིན་ལ་མིག་དཔེ་གཟིགས་ནས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་དགོས་པའི་སྐུལ་མ་གནང་ཡོད་འདུག་

བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་འཁོད་དོན་ལྟར་ན་ ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་གཟའ་ཕུར་བུའི་ཉིན་སེ་པན་གྱི་གྲོས་ཚོགས་འཐུས་མི་ཚོ་དང་མཇལ་འཕྲད་སྒྲུབ་པའི་རྗེས་གསར་འགོད་པར་ ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་ཡིས་རྒྱ་ནག་གི་གནོན་ཤུགས་ལ་གདོང་ལེན་གནང་ཏེ་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བ་དེ་ནི་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་དཔོན་རིགས་ཚོར་མིག་དཔེ་བཟང་པོ་ཞིག་ཡིན་པ་དང་ ད་ཆ་ང་ཚོའི་ཚོར་སྣང་ལ་འཛམ་གླིང་ཡུལ་ཁག་གི་དཔོན་རིགས་ཚོས་ཨ་རིའི་སྲིད་འཛིན་གྱི་མིག་དཔེ་བཟང་པོ་དེར་གཟིགས་ནས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་དེ་ནི་གལ་འགངས་ཆེན་པོ་ཞིག་ཡིན་པའི་སྐོར་གསུང་འདུག ཡང་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་འཛམ་གླིང་ཡུལ་ཁག་གང་མང་གིས་གོང་ཞུས་ཨ་རིའི་སྲིད་འཛིན་གྱི་ཐག་གཅོད་བཞིན་ཕྱག་ལེན་གནང་བ་ཡིན་ཚེ་རྒྱ་ནག་གི་དཔོན་རིགས་ཚོའི་དངོས་ཡོད་ཤུགས་རྐྱེན་ཐོག་བསམ་ཞིབ་གནང་རྒྱུའི་གོ་སྐབས་ཡོང་རྒྱུ་ཡིན་པའི་སྐོར་མུ་མཐུད་གསུང་བཞག ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་ཡིས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཤུགས་ཆེ་བྱེད་མིན་ལ་མ་ལྟོས་པར་ད་ལོ་ཕྱི་ཟླ་གཉིས་པའི་ཚེས་༡༨ཉིན་ཨ་རིའི་སྲིད་འཛིན་ལས་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བ་མ་ཟད་མཇལ་འཕྲད་རིང་དབུ་ཁྲིད་རྣམས་གཉིས་དབར་བོད་ཀྱི་གནད་དོན་ཐོག་བཀའ་བསྡུར་ཞིབ་ཕྲ་གནང་ཏེ་   ཨ་རིའི་སྲིད་འཛིན་ནས་བོད་ཀྱི་རིག་གཞུང་དང་ཆོས་ལུགས་མི་ཉམ་གོང་འཕེལ་ཡོང་རྒྱུར་རྒྱབ་སྐྱོར་གནང་རྒྱུ་དང་དེ་བཞིན་བོད་ནང་གི་བོད་མིའི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་གནང་རྒྱུར་འབད་རྩོན་གནང་རྒྱུའི་ཞལ་བཞེས་ཡང་གནང་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org