ཡུ་རོབ་ནས་རྒྱ་ནག་ལ་༧གོང་ས་མཆོག་དང་གྲོས་མོལ་སླད་སྐུལ་མ་ཞུ་རྒྱུ།

རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ལྷན་དང་ཞི་མོལ་གནང་རྒྱུར་ ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ནས་རྒྱ་ནག་གཞུང་ལ་སྐུལ་འདེད་གནང་རྒྱུ་ཡིན་འདུག

༄༅༎རྒྱ་ནག་གཞུང་གིས་བོད་མིའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལྷན་དང་

ཞི་མོལ་གནང་རྒྱུར་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ནས་རྒྱ་ནག་གཞུང་ལ་སྐུལ་འདེད་གནང་རྒྱུ་ཡིན་པའི་

གནས་ཚུལ་ཐོན་འདུག རེས་གཟའ་ཕུར་བུ་ནས་བཟུང་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་

འཛིན་སྐྱོང་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཧོ་སེ་མཱ་ནུའེལ་སྦ་རོ་སོ་ཡིས་སྣེ་འཁྲིད་གནང་པའི་

སྐུ་ཚབ་ཚོགས་པ་དང་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་དང་གཞན་རྒྱ་ནག་གི་འགོ་འཁྲིད་དབར་

ཉིན་གཉིས་རིང་ཚོང་དོན་དང་འབྲེལ་བའི་ཆེས་མཐོའི་ལྷན་ཚོགས་གནང་གི་ཡོད་པ་རེད་ ཡུ་རོབ་མཉམ་སྦྲེལ་

སྒྲིག་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་ལྕམ་སྦེ་ནི་ཊ་ཕཱེ་རེ་རོ་ ཝོལ་ཌི་ནར་ ཡིས་ལྷན་ཚོགས་འདིའི་སྐབས་

བོད་ཀྱི་གནད་དོན་འདི་བཞིན་གྲོས་བསྡུར་གྱི་གནད་དོན་གལ་ཆེ་ཁོངས་སུ་ཡོད་སྐོར་གསལ་འགོད་པ་ཚོར་

ངོ་སྤྲོད་གནང་བཞག ཁོང་གིས་གསུང་ན་ ཡུ་རོབ་མཉམ་སྦྲེལ་ངོས་ནས་གཞི་རྩའི་བོད་ཀྱི་གནད་དོན་སེལ་ཐབས་ཆེད་

རྒྱ་ནག་གཞུང་གིས་བོད་ཀྱི་དབུ་འཁྲིད་ཏཱ་ལའི་བླ་མ་མཆོག་གི་ལྷན་དང་དོན་དམ་གྱི་གྲོས་མོལ་གནང་དགོས་པ་དང་

ཡང་ཡུ་རོབ་མཉམ་སྦྲེལ་ངོས་ནས་གཞི་རྩའི་བོད་ཀྱི་གནད་དོན་དེ་བཞིན་ བོད་ནང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་

ཡར་རྒྱས་གཏོང་རྒྱུ་དེ་ཡིན་པར་ངོས་འཛིན་ཞུ་ཡི་ཡོད་ཅེས་འགྲེལ་བརྗོད་གནང་འདུག ལྕམ་སྦེ་ནོ་ཊོ་ཕཱེ་རེ་རོ་ཡིས་

མུ་མཐུད་གསུང་པར་ རྒྱ་ནག་གི་བདག་དབང་དང་འབྲེལ་བའི་གནད་དོན་ལ་ཐེ་ཇུས་བྱ་རྒྱུར་ ཡུ་རོབ་མཉམ་སྦྲེལ་

སྒྲིག་འཛུགས་ངོས་ནས་བསམ་ཞིབ་གནང་གི་ཡོད་ཀྱང་ ཆབས་ཅིག་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གཞུང་དང་

ཡུལ་སྲོལ་གོམས་གཤིས་ལ་རྒྱ་ནག་གཞུང་གིས་བརྩི་བཀུར་ཡོང་སླད་རྒྱ་ནག་ལ་སྐུལ་འདེད་བྱེད་རྒྱུ་འོས་འཚམས་ཡིན་པ་དང་

གཞི་རྩ་རྒྱ་ནག་གཞུང་དང་བོད་ཀྱི་དབུ་འཁྲིད་ཏཱ་ལའི་བླ་མ་དང་ཁོང་གི་སྐུ་ཚབ་དབར་ཞི་མོལ་འགྲིགས་འཆམ་གྱི་ལས་དོན་ལ་

ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ངོས་ནས་རྒྱབ་བསྐྱོར་ཞུ་ཡི་ཡོད་པ་མ་ཟད་ ཕྱོགས་གཉིས་དབར་གཅིག་སྦྲིལ་གྱི་ཐབས་ལམ་བཟང་ཤོས་ནི་ཁ་ཞེ་གཉིས་མེད་ཀྱི་གྲོས་མོལ་གནང་རྒྱུ་དེ་ཡིན་པའི་སྐོར་འགྲེལ་བརྗོད་གནང་འདུག་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org