ཡོ་རོབ་གྲོས་ཚོཊ་ནང་བོད་དོན་གྲོས་ཆོད་བཞག་གནང་ཡོད་པ།

ཡོ་རོབ་གྲོས་ཚོགས་ཐོག་བོད་ནང་དུ་བོད་མི་ཚོས་ངོ་རྒོལ་ཆེད་རང་ལུས་མེ་བསྲེག་གཏོང་བའི་ཛ་དྲག་གི་དཀའ་ངེལ་སེལ་ཐབས་ཀྱི་གྲོས་ཆོད།

༄༅༎རེས་གཟའ་ཕུར་བུའི་ཉིན་ཡོ་རོབ་གྲོས་ཚོགས་ཐོག་བོད་ནང་དུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེ་བསྲེག་གཏོང་བའི་ཛ་དྲག་གི་དཀའ་ངེལ་སེལ་ཐབས་ཀྱི་གྲོས་ཆོད་བཞག་གནང་ཡོད་པ་རེད།
དེ་ཡང་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཚོས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལ་བགྲོ་གླེང་གནང་བ་དང༌། དམིགས་བསལ་བོད་ནང་དུ་དགེ་འདུན་པ་དང་བཙུན་མ་ཞིག་གིས་རང་ལུས་མེ་བསྲེག་བཏང་བའི་གནས་སྟངས་ལ་བགྲོ་གླེང་གནང་ཡོད་པ་རེད། ཡོ་རོབ་གྲོས་ཚོགས་ཀྱིས་བཞག་པའི་གྲོས་ཆོད་དེའི་ནང་དུ་། བོད་ཀྱི་ཨ་མདོ་རྔ་པ་དང། དཀར་མཛེས་རྫོང་དུ་འདི་ལོའི་ཕྱི་ཟླ་གསུམ་པ་ནས་འགོ་བཙུགས་ཏེ། དགེ་འདུན་པ་འགའ་ཤས་དང་བཙུན་མ་གཅིག་བཅས་ཀྱི་གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེ་བསྲེག་བཏང་བའི་གནས་སྟངས་ལ་ཧ་ཅང་གི་བློ་འཚབ་ཡོད་པའི་སྐོར་དང༌། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ལ་དམ་བསྒྲགས་ཀྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་བཞིན་པ་དེར་སྐྱོན་བརྗོད་གནང་བ་དང་ཆབས་ཅིག་དགོན་པ་ཁག་དང་དེའི ཁུལ་གྱི་བོད་མིའི་ཐོག་དམ་བསྒྲགས་ཀྱི་བྱ་སྤྱོད་མཚམས་འཇོག་བྱ་དགོས་པ། རྒྱ་ནག་གཞུང་ཕྱོགས་ནས་རང་དབང་ལྡན་པའི་རྒྱལ་སྤྱིའི་གསར་འགོད་པ་དང༌། འགྲོ་བ་མིའི་རྟོགས་ཞིབ་པ་བོད་ཀྱི་ས་ཁུལ་དེ་དག་ནང་གནས་ཚུལ་རྟོགས་ཞིབ་དང། དགོན་པའི་དགེ་འདུན་པ་བརྒྱ་ཕྲག་མང་པོ་དགོན་པ་ནས་བཙན་ཁྲིད་བྱས་པ་རྣམས་གང་དུ་ཡོད་མེད་ཀྱི་གནས་ཚུལ་འཚོལ་གྲུབ་ཆེད་དུ་བོད་ནང་གཏོང་དགོས་པ། རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཀྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པ་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་དུ་མི་རིགས་ཚང་མར་ཆོས་དད་རང་དབང་གི་ཐོབ་ཐང་ཡོད་པའི་གཏན་འབེབས་བྱས་པའི་འབྲུ་དོན་དང་འགལ་འཛོལ་བྱས་པ།
རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་གྱི་བྱ་སྤྱོད་མཚམས་འཇོག་བྱས་ཏེ། ༧གོང་ས་ཏླ་ལའི་བློ་མ་མཆོག་དང་ཁོང་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བྱས་པའི་ལམ་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཡོང་ཐབས་བྱ་དགོས་པའི་སྐོར་སོགས་བཀོད་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org