རྒྱ་ནག་ཏུ་མཐོ་རིམ་དཔོན་རིགས་ཤིག་ལ་སྲོག་ཁྲིམས་ཉེས་ཆད།
རྒྱ་ནག་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་གཅིག་ལ་དབང་ཆ་བེད་སྤྱོད་ལོག་པ་བཏང་བ་དང་ལྐོག་དངུལ་ལེན་པའི་ནག་ཉེས་འོག་སྲོག་ཁྲིམས།
-
2010-08-13 -
-
-
༄༅༎རྒྱ་ནག་གི་བྱང་ཕྱོགས་བཟོ་ལས་ཅན་གྱི་གྲོང་ཁྱེར་ཀྲན་ཅིན་ནང་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཕི་ཆན་ཧྲེང་གིས་དབང་ཆ་བེད་སྤྱོད་ལོག་པ་བཏང་བ་དང་ལྐོག་དངུལ་ལེན་པའི་ནག་ཉེས་འོག་སྲོག་ཐོག་གི་ཉེས་ཆད་ཐག་གཅོད་བྱས་ཡོད་པའི་སྐོར་དེ་རིང་ཕེ་རིན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་ཕི་ཆན་ཧྲེང་ནི་ཀྲན་ཅིན་གྲོང་ཁྱེར་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་པོའི་གོ་གནས་འཛིན་མྱོང་ཡོད་པ་དང༌། ཧྲེང་དབྱང་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས། ཁོང་གིས་ཕྱི་ལོ་༡༩༩༥ནས་༢༠༠༥བར་རྒྱ་མིའི་སྒོར་མོ་ས་ཡ་༧ལྷག་གི་ལྐོག་རྔན་ལེན་པའི་ནག་ཉེས་བསག་པ་དང༌། ད་དུང་ཁོང་གིས་ཀྲན་ཅིན་གྲོང་ཁྱེར་གྱི་བཟོ་ལས་དང་འཕྲུལ་རིག་འཕེལ་རྒྱས་ལས་ཁང་གི་འགོ་འཛིན་བྱེད་པའི་རིང་ཁྲིམས་འགལ་གྱི་ལས་དོན་སྤེལ་བའི་རྐྱེན་གྱིས་སྐབས་དེར་རྒྱ་མིའི་སྒོར་མོ་ས་ཡ་༢༢༠འི་རིན་ཐང་ཐོབ་པའི་གཞུང་གི་རྒྱུ་ནོར་ལ་གྱོང་གུན་ཐེབས་ཡོད་པའི་ནག་ཉེས་ཉེས་འཛུགས་བྱས་པ་དང༌། ལོ་གཉིས་ཀྱི་ཆབ་སྲིད་ཀྱི་དབང་ཆ་མེད་པ་བཟོས་པ། རྒྱུ་ནོར་ཡོངས་རྫོངས་གཞུང་བཞེས་བཏང་ཡོད་པ་རེད།
རྒྱ་ནག་གཞུང་གིས་ད་རེས་ཕི་ཆན་ཧྲེང་ལ་ལོ་གཉིས་དུས་འགྱངས་ཀྱིས་སྲོག་ཐོག་གཏོང་རྒྱུའི་ཉེས་ཆད་བཏང་ཡོད་ཀྱང་རྒྱ་ནག་ནང་དུ་ལོ་གཉིས་དུས་འགྱངས་ཀྱི་ཉེས་པ་ཆག་ཡང་བྱས་ཏེ་སྲོག་ཐོག་གཏོང་རྒྱུའི་ཐག་གཅོད་བྱས་པ་མང་ཆེ་བར་ཚེ་བཙོན་དུ་འགྱུར་འགྲོ་གི་ཡོད་པའི་སྐོར་ཕེ་རིན་གསར་ཤོག་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།