རྒྱ་ནག་གིས་བོད་ནང་ཡར་རྒྱས་བཏང་ལུགས་འགྲེམས་སྟོན་གོ་སྒྲིག
བོད་ནང་རྒྱ་ནག་གཞུང་ནས་འདས་པའི་རིང་ཡར་རྒྱས་བཏང་སྐོར་བརྙན་པར་གྱི་ལམ་ནས་འགྲེམས་སྟོན་ཞིག་བལ་ཡུལ་དུ་གོ་བསྒྲིགས་བྱས་འདུག
-
2009-08-06 -
-
-
༄༅༎བོད་ནང་རྒྱ་ནག་གཞུང་ནས་འདས་པའི་ལོ་ངོ་ལྔ་བཅུའི་རིང་ཡར་རྒྱས་བཏང་ཡོད་པའི་བརྙན་པར་གྱི་ལམ་ནས་འགྲེམས་སྟོན་ཞིག་བལ་ཡུལ་དུ་གོ་བསྒྲིགས་བྱས་ཡོད་འདུག
རྒྱ་ནག་གི་ཤིན་ཧ་གསར་འགྱུར་བརྒྱུད་ལམ་ནས་ད་རིང་གནས་ཚུལ་སྤེལ་བར་གཞིགས་ན་བདུན་ཕྲག་འདིའི་རེས་གཟའ་ལྷག་པའི་ཉིན་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་གྲུའི་ནང་རྒྱ་ནག་གི་བོད་ནང་གི་འདས་པ་དང་ད་ལྟའི་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་ནས་པར་གྱི་འགྲེམས་སྟོན་གོ་བསྒྲིགས་བྱད་ཡོད་པ་དང་འགྲེམས་སྟོན་གཟིགས་པར་ཕེབས་མཁན་བལ་ཡུལ་གྱི་དྲིལ་བསྒྲགས་དང་འབྲེལ་མཐུད་བློན་ཆེན་ཤན་ཀར་པོཁ་རལ་མཆོག་གིས་འདྲ་པར་གྱི་ལམ་ནས་འགྲེམས་སྟོན་འདི་བརྒྱུད་བོད་ནང་དེ་སྔ་དང་མི་འདྲ་བར་བོད་ནང་དེང་སང་སྤྲོ་སྣང་ལྡན་པ་ཞིག་ཆགས་ཡོད་པ་གསལ་པོ་ཤེས་རྟོག་ཐུབ་ཀྱི་འདུག་ལ་དེ་བརྒྱུད་ནས་རྒྱ་ནག་དང་བལ་ཡུལ་གཉིས་དབར་རིག་གཞུང་དང་སྤྱི་ཚོགས་ཀྱི་འབྲེལ་ལམ་གནའ་སྔ་མོ་ནས་ཡོད་པ་ཞིག་ཀྱང་མཚོན་ཐུབ་ཀྱི་ཡོད་རེད་ཅེས་གསུངས་འདུག
འགྲེམས་སྟོན་འདིའི་འགོ་དབྱེའི་སྐབས་བལ་ཡུལ་གྱི་དྲིལ་བསྒྲགས་བློན་ཆེན་དང་བལ་ཡུལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཆེན་མོ་བ་ཆིའུ་གོ་ཧང་ཡང་ཕེབས་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་འགྲེམས་སྟོན་བལྟ་བར་ཡོང་མཁན་སློབ་ཕྲུག་ཁག་ཅིག་ནས་ཀྱང་འདྲ་པར་བརྒྱུད་ལམ་ནས་བོད་ནང་རྒྱ་ནག་གཞུང་ནས་ཡར་རྒྱས་ག་འདྲ་བཏང་ཡོད་མེད་གསལ་པོ་གོ་རྟོག་ཐུབ་པ་བྱུང་ཞེས་འགྲེལ་བརྗོད་བྱས་འདུག
ཡང་རྒྱ་ནག་གཞུང་ཚབ་ཆེན་མོས་བོད་ནང་དེ་སྔ་ཕྱི་ལོ་༡༩༥༩ལོར་རྒྱ་ནག་གཞུང་ནས་བྲན་གཡོག་རིང་ལུགས་ནས་བཅིངས་བཀྲོལ་བཏང་ནས་ད་ལྟ་མང་གཙོ་དང་སྤྲོ་སྣང་ལྡན་པའི་སྤྱི་ཚོགས་ཤིག་ཆགས་ཡོད་པ་ནི་ཡར་གྱི་འགྲེམས་སྟོན་ནས་ཤེས་རྟོག་ཡོང་གི་རེད་ཅེས་རྒྱ་ནག་གཞུང་ནས་བོད་ནང་འདས་པའི་ལོ་ངོ་ལྔ་བཅུའི་རིང་ཆབ་སྲིད་དང་དཔལ་འབྱོར།རིག་གཞུང་།སྤྱི་ཚོགས་ཀྱི་འཚོ་བའི་གནས་སྟངས་སོགས་གང་ས་ཅིའི་ཐད་ནས་ཡར་རྒྱས་བཏང་ཡོད་ལུགས་གཏམ་བཤད་སྤེལ་བ་ཙམ་མ་ཡིན་པར་འགྲེམས་སྟོན་གྱི་ལམ་ནས་དྲིལ་བསྒྲགས་སྤེལ་བཞིན་ཡོད་འདུག འགྲེམས་སྟོན་འདི་གོ་བསྒྲིགས་བྱེད་མཁན་འཛམ་གླིང་རིག་གཞུང་འབྲེལ་མཐུད་ཅེས་ཚོགས་པ་ཡིན་ལུགས་བཀོད་པ་དང་གོ་བསྒྲིགས་བྱེད་མཁན་དི་པག་སར་ཀར་གྱིས་ཀྱང་འགྲེམས་སྟོན་འདིས་བོད་ནང་སྤྱི་ཚོགས་ཡར་རྒྱས་ག་འདྲ་ཕྱིན་ཡོད་མེད་བཏོན་རྒྱུའི་ཆེད་ཡིན་ལུགས་འགྲེལ་བརྗོད་བྱས་འདུག འགྲེམས་སྟོན་འདི་ཉིན་གྲངས་ལྔའི་རིང་བཏོན་རྒྱུ་ཡིན་འདུག