བཀའ་ཁྲི་བློ་བཟང་སེང་གེས་ཨ་རིའི་གཞུང་ལ་འབོད་སྐུལ།
བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་མཆོག་ནས་ཨ་རི་གཞུང་གིས་རྒྱ་ནག་གཞུང་ལ་ཞིབ་འཇུག་གི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ།
-
2011-11-03 -
-
-
༄༅༎བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་བཞིན་པའི་གནད་དོན་ཐད་ ཨ་རི་གཞུང་གིས་རྒྱ་ནག་གཞུང་ལ་ཞིབ་འཇུག་གི་གནོན་ཤུགས་སྤྲོད་དགོས་པའི་སྐོར་ དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་མཆོག་ནས་འབོད་སྐུལ་གནང་བཞག་༎
བཙན་བྱོལ་བོད་མིའི་བཀའ་ཁྲི་བློ་བཟང་སེང་གི་མཆོག་ དེང་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ཏུ་གཞུང་དོན་ཕྱོགས་ཕེབས་གནང་བཞིན་པའི་ཐོག་ ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་དང་གཞུང་འབྲེལ་གྱི་གནས་ཡོད་མི་སྣ་བཅས་ཀྱི་ལྷན་དུ་མཇལ་འཕྲད་གྱི་མཛད་འཆར་སྐྱོང་བཞིན་ཡོད་པ་རེད་ ཁ་ས་༡༡ ཚེས་ ༢ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་National press Clubཞེས་ཞེས་པའི་ཨ་རིའི་གསར་འགོད་ལས་ཁང་དུ་ བཀའ་ཁྲི་མཆོག་གིས་ བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་སྟེ་ རྒྱ་ནག་གཞུང་ལ་ངོ་རྒོལ་གནང་དགོས་དོན་དང་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་པའི་བརྒྱུད་རིམ་ དེ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་ བཀའ་ཤག་གི་བཞེངས་ཕྱོགས ༧གོང་ས་མཆོག་གི་སྐུའི་ཡང་སྲིད་སྐོར་སོགས་ བོད་དོན་དང་འབྲེལ་བའི་གནད་དོན་ལ་འགྲེལ་བརྗོད་དང་འབྲེལ་ གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་རེད་ བཀའ་ཁྲི་མཆོག་གིས་ བོད་མདོ་སྨད་རྔ་པ་གཙོ་བོར་གྱུར་བའི་བོད་ཀྱི་ས་ཁུལ་ཁག་ནང་ བོད་མི་ཚོས་ གཅིག་མཇུག་གཉིས་མཐུད་ཀྱི་རང་ལུས་མེར་བསྲེགས་བཏང་བ་དེ་ འུ་ཐུག་ཐབས་མེད་ཀྱི་གནས་སྟངས་ལས་བྱུང་བ་ཞིག་དང་ གནད་དོན་དེས་ རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་བཟུང་གི་སྲིད་ཇུས་དེ་ ལམ་ལྷོང་མེད་པ་མ་ཟད་ ནོར་འཁྲུལ་གྱི་སྲིད་ཇུས་གསལ་འདོན་ཡིན་པའི་སྐོར་འགྲེལ་བརྗོད་གནང་བཞག་ ཡང་བོད་ནང་བོད་མི་ཚོའི་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་དེ་ ཕྱི་ཕྱོགས་ནས་གོང་ས་མཆོག་དང་བོད་དོན་རྒྱབ་སྐྱོར་བ་ཚོའི་སྐུལ་སློང་བྱས་པ་ཡིན་ལུགས་ རྒྱ་ནག་གཞུང་གིས་སྐྱོན་འཛུགས་བྱེད་བཞིན་པ་དེ་དག་ ཁུངས་བདེན་ཅི་ནས་མེད་པའི་སྐྱོན་འཛུགས་ཡིན་པར་ བཀའ་ཁྲི་མཆོག་གིས་ནན་བརྗོད་གནང་འདུག་པ་མ་ཟད་ བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ གཞི་ལུས་བོད་མིའི་སྙིང་སྟོབས་ལ་རྗེས་སུ་ཡིད་རང་གི་གདུངས་སེམས་མཉམ་སྐྱེད་ཞུ་རྒྱུ་དེ་འོས་འགན་ཡིན་པའི་སྐོར་གསལ་འདོན་གནང་བཞག་ ཆབས་ཅིག་བཀའ་ཁྲི་མཆོག་གིས་བོད་མིའི་སྒྲིག་འཛུགས་ངོས་ནས་ བོད་ནང་གི་བོད་མི་ཚོས་ རྒྱ་ནག་གཞུང་ལ་ཞི་རྒོལ་དང་ རང་ལུས་མེར་བསྲེགས་གཏོང་བའི་ལས་འགུལ་སྤེལ་རྒྱུར་ བློ་སྤོབས་སྤེལ་གྱི་མེད་ལ་ གང་ལགས་ཤེ་ན་ དེ་ལྟ་བུའི་ལས་འགུལ་གྱི་མཇུག་འབྲས་ ང་ཚོས་གསལ་པོ་ཤེས་གྱི་ཡོད་ དེ་ནི་བོད་ནང་ཞི་རྒོལ་བྱས་ཚེ་ རྒྱ་ནག་གཞུང་ཕྱོགས་ནས་ ལས་འགུལ་བ་རྣམས་འཛིན་བཟུང་བཙོན་འཇུག་བྱེད་པ་དང་ ཡང་ན་ཉེས་རྡུང་གཏོང་བ་ སྐབས་རེ་མནར་གཅོད་ཕོག་པ་ སྐབས་རེ་གར་སོང་ཆ་མེད་དུ་བཏང་བ་ སྐབས་རེ་རྐྱེན་འདས་སུ་བཏང་བ་སོགས་དྲག་གནོན་སྣ་ཚོགས་ལག་བསྟར་བྱས་དང་བྱེད་མུས་ཀྱི་རྒྱུ་མཚན་ངོ་སྤྲོད་གནང་བཞག་༎