ཁམས་ལི་ཐང་ཁུལ་དུ་བོད་མི་ཚོས་བསྐྱར་དུ་ངོ་རྒོལ་བྱས་ཡོད་པ།

བོད་ཀྱི་ཁམས་ལི་ཐང་ཁུལ་དུ་བོད་མི་ཚོས་བསྐྱར་དུ་ངོ་རྒོལ་བྱས་ཏེ་རྒྱ་གཞུང་གིས་བོད་མི་ཁྱོན་སྡོམ་ཉི་ཤུ་ལྷག་འཛིན་བཟུང་བྱས་ཡོད་པ་རེད།

༄༅༎བོད་ཀྱི་ཁམས་ལི་ཐང་ཁུལ་དུ་ཟླ་བ་འདིའི་ཕྱི་ཚེས་བཅུ་དྲུག་ཉིན་བོད་མི་ཚོས་བསྐྱར་དུ་རྒྱ་ནག་གཞུང་ལ་ཞི་བའི་རྔམ་སྟོན་ངོ་རྒོལ་བྱས་པར་བརྟེན་རྒྱ་གཞུང་གིས་ས་གནས་སུ་གཞི་རྒྱ་ཆེ་བའི་དམག་དཔུང་འགྲེམས་འཇོག་བྱས་པ་མ་ཟད་བོད་མི་བཅོ་ལྔ་འཛིན་བཟུང་བྱས་པའི་ཐོག་སླར་ཡང་བོད་མི་ལྔ་འཛིན་བཟུང་བྱས་ཡོད་པའི་སྐོར་བཞུགས་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསུངས་ཡོད་པ་དེ་རིང་བཙན་བྱོལ་བོད་གཞུང་གིས་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

རྒྱ་ནག་གཞུང་གིས་ད་རེས་བསྐྱར་དུ་འཛིན་བཟུང་བྱས་པའི་བོད་མི་ལྔའི་ནང་ནས་ངོ་འཕྲོད་པ་དགྲ་འདུལ་ལགས་ཡིན་ཞིང་ཁོང་ནི་བདེ་སྐྱིད་གྲོང་ཚོའི་འགོ་འཛིན་ཡིན་པ་དང་དེ་ནས་དབྱངས་ལོ་ལགས་དང་སྒྲོལ་མ་ལགས་གཉིས་ས་ཀོ་གྲོང་ཚོའི་འབྲོག་པ་ཡིན་པ་དང་ཁོང་གཉིས་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་པའི་རྗེས་ཕྱི་ཚེས་བཅུ་བདུན་གྱི་དགོང་དྲོ་གློད་བཀྲོལ་བཏང་ཡོད་ཀྱང་ལོ་ན་བཅུ་དགུ་ཡིན་པའི་བསོད་ནམས་བསྟན་པ་ལགས་དང་ལོ་ན་ཉི་ཤུ་རྩ་གསུམ་ཡིན་པའི་བློ་བཟང་བསྟན་འཛིན་ལགས་གཉིས་ཀྱིས་ཟླ་བ་འདིའི་ཕྱི་ཚེས་བཅུ་དྲུག་ཉིན་ཞི་བའི་རྔམ་སྟོན་ངོ་རྒོལ་བྱས་པར་བརྟེན་ཉེན་རྟོག་པས་ཉེས་རྡུང་ཚད་མེད་བཏང་བའི་རྗེས་རྨས་སྐྱོན་ཕོག་པ་མ་ཟད་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

དུ་དུང་རྒྱ་ནག་གཞུང་གིས་ལི་ཐང་ས་གནས་ཀྱི་སྣེ་འཁོར་དགོན་པའི་དགེ་འདུན་པ་བློ་བཟང་ལྷན་གྲུབ་ལགས་ཟླ་བ་འདིའི་ཕྱི་ཚེས་བཅོ་ལྔ་ཉིན་འཛིན་བཟུང་བྱས་ཏེ་ད་ལྟ་ལི་ཐང་ས་གནས་དོ་དམ་ལྟེ་གནས་ཁང་དུ་བཀག་ཉར་བྱེད་བཞིན་ཡོད་པ་དང་དེ་མིན་གྱི་འཛིན་བཟུང་བྱས་པའི་བོད་མི་རྣམས་ཀྱང་ལི་ཐང་ཚ་སྒ་དོ་དམ་ཁང་དུ་བཀག་ཉར་བྱེད་བཞིན་པ་དང་གང་ལྟར་ད་ལྟའི་ཆར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པས་རྒྱ་ནག་གཞུང་གིས་ཉེ་ཆར་ལི་ཐང་ཁུལ་དུ་བོད་མི་ཚོས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྗེས་ད་བར་ཁྱོན་སྡོམ་བོད་མི་ཉི་ཤུ་རྩ་བཞི་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ད་ལྟ་བར་ཤེས་རྟོགས་བྱུང་བ་བོད་མི་ཉི་ཤུ་རྩ་གསུམ་འཛིན་བཟུང་བྱས་ཡོད་པའི་སྐོར་གསུངས་ཡོད་པ་རེད༎

 

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org