བོད་ཀྱི་དཀའ་རྙོག་ཞི་བའི་ཐབས་ལམ་ཐོག་ནས་སེལ་དགོས་པ།

བཀའ་ཁྲི་མཆོག་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུར་བདེན་པ་དང་འཚེ་བ་མེད་པའི་ལམ་དུ་འཇུག་དགོས་བཀའ་སློབ་གནང་འདུག

༄༅༎བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་མི་གཞོན་སྐྱེས་ཚོར་ བོད་ཀྱི་དཀའ་རྙོག་དེ་ཞི་བའི་ཐབས་ལམ་ཞིག་གི་ཐོག་ནས་སེལ་རྒྱུར་ བདེན་པ་དང་འཚེ་བ་མེད་པའི་ལམ་དུ་འཇུག་དགོས་སྐོར་བཀའ་སློབ་གནང་ཡོད་འདུག

དེ་ཡང་བཀའ་བློན་ཁྲི་པ་མཆོག་ནས་ཕྱི་ཟླ་དྲུག་པའི་ཚེས་༢༨ ཉིན་རྒྱ་གར་བྱང་ཕྱོགས་ཅན་རྡི་གར་གྲོང་ཁྱེར་དུ་ཚུགས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་དབུ་འབྱེད་ཚོགས་འདུའི་ཐོག་གསུང་བཤད་གནང་སྐབས་ ང་ཚོས་བོད་ཀྱི་དཀའ་རྙོག་དེ་ཞི་བའི་ཐོག་ནས་སེལ་ཐབས་བྱ་རྒྱུ་ཡིན་པ་དང་ ང་ཚོས་ཡུལ་གྲུ་སུ་ཞིག་གིས་ཀྱང་ བོད་ཀྱི་གནད་དོན་གྱི་རྐྱེན་པས་རྒྱ་ནག་དང་འབྲེལ་ལམ་འཕྲོག་བརླག་གཏོང་རྒྱུར་འདོད་པ་བྱེད་ཀྱི་མེད་ གང་ཡིན་ཟེར་ན་ང་ཚོས་འཆམ་གནས་ཀྱི་ལྟ་གྲུབ་ལ་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད་

ད་དུང་བཀའ་བློན་ཁྲི་པ་མཆོག་ནས་ བོད་དང་རྒྱ་གར་ནི་རིག་གཞུང་དང་གོམས་གཤིས་ལས་ལྷག་པའི་འབྲེལ་བ་ཞིག་ཡོད་སྟབས་ རྒྱ་ནག་གཞུང་གིས་བོད་ནང་གང་བྱས་པ་དེས་རྒྱ་གར་ལ་ཡང་ངེས་པར་ཤུགས་རྐྱེན་ཡོང་རྒྱུ་ཡིན་པ་དྲན་བསྐུལ་གནང་ཡོད་པ་རེད་ ཚོགས་འདུའི་སྐུ་མགྲོན་གཙོ་བོ་ རྒྱ་གར་གྱི་དཔལ་འབྱོར་དང་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ ཡཤེ་ལྦན་སིན་ཧ་ མཆོག་གིས་ ཁོང་གི་སྲིད་དོན་གྱི་ཚོགས་པའི་ངོས་ནས་བོད་ཀྱི་རྩ་དོན་ལ་གནོད་གཞིའི་ལས་དོན་གང་ཡང་གནང་རྒྱུ་མིན་པའི་ཞལ་བཞེས་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org