རྒྱ་གཞུང་ལ་སྲིད་དོན་བཙོན་པ་གློད་འགྲོལ་དགོས་པའི་འབོད་སྐུལ།
སིང་ག་པུར་གྱི་གསར་འགོད་པས་རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པ་ཚང་མ་གློད་བཀྲོལ་གཏོང་རོགས་གནང་ཞེས་རྒྱ་ནག་གཞུང་ལ་འབོད་སྐུལ།
-
2009-03-21 -
-
-
༄༅༎རྒྱ་ནག་ནང་སོ་མྱུལ་བྱས་པའི་ནག་ཉེས་འོག་རྒྱ་ནག་གི་བཙོན་ཁང་ནང་ན་ནིང་ལོའི་ལོ་སྟོད་བར་དུ་མི་ལོ་གསུམ་རིང་བཙོན་འཇུག་བྱས་པའི་ཧོང་ཀོང་ནང་གི་སིང་ག་པུར་གྱི་གསར་འགོད་པ་ཁྲིང་ཁྲུང་གིས་གསར་འགོད་པའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་འབུལ་རྒྱུའི་ལོ་རེའི་མཛད་སྒོ་ཐེངས་བཅུ་གསུམ་པའི་ཐོག་ཁེ་ས་གསུང་བཤད་གཙོ་བོ་གནང་སྐབས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གསར་བཙུགས་བྱས་ཏེ་མི་ལོ་དྲུག་བཅུ་འཁོར་བའི་དུས་དྲན་དང་སྟབས་བསྟུན་ཏེ་རྒྱ་ནག་གཞུང་གིས་ད་བར་བཙོན་འཇུག་བྱས་པའི་སྲིད་དོན་གྱི་བཙོན་པ་ཚང་མ་གློད་བཀྲོལ་གཏོང་རོགས་གནང་ཞེས་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་ཡོད་པ་རེད།
རྒྱ་ནག་གུང་བྲན་ཏང་གིས་རྒྱ་ནག་གི་སྲིད་དབང་མ་ཟིན་གོང་ལ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཤུགས་ཆེ་ཞུས་པས་མ་ཟད་རྒྱ་ནག་མི་མང་གི་ཐོབ་ཐང་རྩོད་གླེང་ཡང་བྱས་ཡོག་རེད། འོན་ཀྱང་༡༩༤༩ལོར་གུང་བྲན་ཏང་གིས་རྒྱ་ནག་གི་སྲིད་དབང་ཟིན་པའི་རྗེས་རྒྱ་ནག་གི་མི་མང་ཚོའི་ཐོབ་ཐང་རྩོད་གླེང་བྱ་རྒྱུ་དང་འབད་བརྩོན་བྱ་རྒྱུ་མཐའ་ཅིག་ཏུ་མཚམས་བཅད་དེ་ད་ཆ་འགྲོ་བ་མིའི་ཐོབ་ཐང་ཞེས་པ་དེ་ནི་རྒྱ་ནག་ལ་མི་དགའ་བའི་ཕྱིའི་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་གི་ཆབ་སྲིད་དང་སྤྱི་ཚོགས་བརྟན་ལྷིངས་ལ་ཉེན་འཚབས་བཟོ་ཆོད་ཀྱི་ལག་ཆ་ཞིག་ཡིན་ལུགས་དམར་ཤོག་ཚོགས་པས་བཤད་ཀྱི་ཡོག་རེད་ཅེས་གསར་འགོད་པ་ཚོར་བརྗོད་ཡོད་པ་རེད། རྒྱ་ནག་གཞུང་གི་ངོས་ནས་མི་མང་གི་གུས་བཀུར་དང་བརྩི་འཇོག་སླར་གསོ་ཡོང་རྒྱུའི་སླད་དུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་མི་ལོ་དྲུག་བཅུ་འཁོར་བའི་དུས་དྲན་དང་སྟབས་བསྟུན་ཏེ་ཆབ་སྲིད་བཙོན་པ་ཚང་མ་གློད་བཀྲོལ་གཏང་རྒྱུ་དེ་ནི་འཛམ་གླིང་ནང་རྒྱ་ནག་གཞུང་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པའི་སྔོན་དཔག་ཀྱང་ཧོང་ཀོང་ནང་སིཀྲེརེཏ་ཀྲའེམ་སེ་ཞེས་པའི་སིང་ག་པུར་གྱི་གསར་འགོད་པ་ཁྲིང་ཁྲུང་གིས་ཁེ་ས་ཧོང་ཀོང་ནང་གི་ཕྱིའི་རྒྱལ་ཁབ་ཁག་གི་གསར་འགོད་པའི་མཐུན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་གསར་འགོད་པའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་འབུལ་རྒྱུའི་ལོ་རེའི་མཛད་སྒོའི་ཐོག་གསུང་བཤད་ཀྱི་སྙིང་དོན་གྱི་ཚུལ་དུ་རྒྱ་ནག་གཞུང་ལ་སྐུལ་འདེབས་ཞུས་ཡོད་པ་རེད༎