རྒྱ་ནག་ཏུ་གསང་བའི་བཙོན་ཁང་ནག་པོ་ཞེས་པའི་སྐོར།
འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཉེས་བཙུགས་བྱེད་བཞིན་པའི་གསང་བའི་བཙོན་ཁང་ནག་པོ་ཞེས་པ་མེད་ཅེས་རྒྱ་ནག་གཞུང་ནས་བཤད་འདུག
-
2009-11-12 -
-
-
༄༅༎འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཉེས་བཙུགས་བྱེད་བཞིན་པའི་གསང་བའི་བཙོན་ཁང་ནག་པོ་ཞེས་པ་མེད་ཅེས་རྒྱ་ནག་གཞུང་ནས་ཁས་ལེན་བྱས་མེད་པའི་གནས་ཚུལ་འདུག
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་སྙན་ཐོ་གསར་པ་ཞིག་བཏོན་པའི་ནང་རྒྱ་ནག་ནང་བཙོན་ཁང་ནག་པོ་ཞེས་འབོད་པའི་གསང་བའི་ཐོག་ནས་དོ་དམ་བྱེད་ཡུལ་གྱི་བཙོན་ཁང་ཞིག་ཡོད་པ་དང་དེའི་ནང་ཁྲིམས་ཐོག་ནས་ཐག་ཆོད་བྱས་པའི་བཙོན་པ་མ་ཡིན་པར་ས་གནས་དང་དབུས་གཞུང་གཉིས་ལ་སོ་སོའི་བདེ་སྡུག་ཞུ་བར་བཅར་མཁན་མི་སྣ་ཚོ་དོ་དམ་བྱེད་ཡུལ་ཞིག་ཡིན་པ་དང་དེ་དག་གི་ནང་ཁོང་ཚོར་སྡུག་སྦྱོང་བཏང་བ་དང་དོ་དམ་བྱེད་མཁན་ཚོས་ལྐོག་ཟ་རུལ་སུངས་བྱེད་ཡུལ་གྱི་ལྟེ་གནས་ཤིག་ཀྱང་ཆགས་ཡོད་པའི་སྐོང་བཀོད་ཡོད་པ་རེད། གནད་དོན་འདིའི་ཐོག་དེ་རིང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཆར་ཅན་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པ་ཞིག་གིས་འདྲི་བ་བྱས་པའི་སྐབས་གལ་སྲིད་མི་མང་ནང་ནས་གཞུང་གི་ལས་དོན་བྱེད་ཕྱོགས་ལ་སྐྱོན་བརྗོད་དང་ཡང་ན་ཞུ་གཏུགས་བྱེད་དགོས་ཀྱི་ཡོད་ན་ལུགས་དང་མཐུན་པའ་ཐོག་ནས་འབྲེལ་ཡོད་ལས་ཁུངས་ལ་ཞུ་གཏུགས་བྱེད་ཡུལ་ཡོད་པ་ལས་བཙོན་ཁང་ནག་པོ་ཞེས་པའི་རིགས་རྒྱ་ནག་ནང་ཡོད་མ་རེད་ཅེས་ངོས་ལེན་བྱས་མེད་པ་རེད། ཡིན་ནའང་དྲེང་ད་ཇིང་ཞེས་པའི་མི་སྣ་ཞིག་གིས་རོའུ་ཀྲར་གསར་འགྱུར་ལས་ཁང་ལ་ངོ་སྤྲོད་བྱས་པར་ལྟར་ན་ཁོང་རང་ཉིད་ཀྱང་དེ་འདྲའི་གནས་སྟངས་འོག་དོ་དམ་བྱེད་མྱོང་ཡོད་པ་ཞིག་ཡིན། ཡིན་ནའང་དེ་སྔ་དང་མི་འདྲ་བར་དེང་སང་འདིའི་རིགས་དངོས་གསལ་དོད་པོ་མ་ཡིན་པར་གསང་བ་དང་དམ་བསྒྲགས་ཆེན་པོའི་ཐོག་ནས་བཏང་འཛིན་བྱེད་ཀྱི་ཡོད་རེད་ལ་དེའི་ཐོག་ནས་ས་གནས་དཔོན་རིགས་ཚོར་ཡང་ལྐོག་ཟ་བྱེད་ཡུལ་ཞིག་ཀྱང་ཆགས་ཀྱི་ཡོད་རེད་ཅེས་འགྲེལ་བརྗོད་བྱས་འདུག
འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་གི་ཚོགས་གཙོ་མཆོག་གིས་རྒྱ་ནག་གཞུང་གི་ངོས་ནས་མི་མང་ཉམ་ཐག་ཚོའི་དཀའ་ངལ་སེལ་ཐབས་སུ་ལས་དོན་ག་འདྲ་སྤེལ་གྱི་ཡོད་མེད་གསལ་པོ་རེད་ཅེས་གསུངས་པ་དང་ཆབས་ཅིག་ད་རེས་ཨ་རིའི་སྲིད་འཛིན་མཆོག་རྒྱ་ནག་ལ་འཚམས་འདྲིར་ཐོག་མ་ཕེབས་ཀྱི་ཡོད་རེད་ལ་སྐབས་དེར་ཁོང་གིས་རྒྱ་ནག་མཉམ་འབྲེལ་བ་གནང་ཕྱོགས་ནས་ཚོད་རྩིས་ཐུབ་ཀྱི་རེད་ཅེས་གསུངས་འདུག སྲིད་འཛིན་ཨོ་སྦ་མ་མཆོག་ནས་འགྲོ་བ་མིའི་ཐོབ་ཐང་སྐོར་བཀའ་མོལ་གནང་རྒྱུའི་འཆར་གཞི་ཡོད་པ་རེད།