བོད་མིར་དྲག་གནོན་གྱི་གནད་དོན་ལ་རྒྱལ་སྤྱིས་ཞིབ་འཇུག་དགོས།
བོད་མིའི་ཐོག་དྲག་གནོན་བྱས་པའི་གནད་དོན་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞིབ་འཇུག་ངེས་པར་གནང་དགོས་པའི་སྐུལ་མ་གནང་བཞག
-
2009-08-05 -
-
-
༄༅༎བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུད་སི་ནང་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་ལྟར་ཁ་ས་ཁུལ་དེའི་གྲོང་ཁྱེར་ལཱོ་སེན་ནང་གསར་འགོད་ལྷན་ཚོགས་ཤིག་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་ལོ་བོད་ནང་རྒྱ་ནག་གི་དབང་བསྒྱུར་ལ་བོད་མི་ཚོས་ཞི་བའི་ངོ་རྒོལ་བྱེད་པའི་སྐབས་རྒྱ་ནག་གིས་བོད་མི་བཞི་སྟོང་ཙམ་ཞིག་འཛིན་བཟུང་བྱས་པ་རྣམས་ད་ལྟའང་བཙོན་འཇུག་དོ་དམ་འོག་གནས་ཡོད་སྐོར་གསུངས་ཏེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱས་པའི་གནད་དོན་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞིབ་འཇུག་ངེས་པར་གནང་དགོས་པའི་སྐུལ་མ་གནང་བཞག
ཉེ་བའི་ཆར་རྒྱ་ནག་མི་དམངས་དང་རྒྱ་མིའི་ཤེས་ཡོན་ཅན་ཁག་ཅིག་གིས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་བོད་ཀྱི་རྩ་དོན་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་འགྲོ་གི་ཡོད་པ་དེས་༸གོང་ས་མཆོག་གི་ཐུགས་བློ་སྟོབས་འཕེལ་གནང་སོང་ཞེས་བཀའ་གནང་བ་དང་སྦྲགས་རྒྱལ་སྤྱིའིའ་ཡུལ་ཁག་ཚོས་དངོས་སུ་བོད་ནང་ཕེབས་ནས་ཞིབ་འཇུག་ཞིབ་ཚགས་པོ་ཞིག་གནང་དགོས་རྒྱུའི་འབོད་སྐུལ་ཡང་གནང་འདུག
དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་ཕྱོགས་ནས་བཟོད་སྲན་བྱས་པའི་སྒོ་ནས་བོད་མིའི་ཐོག་དྲག་གནོན་མི་བྱེད་པའི་ཐུགས་རེ་གསལ་སྟོན་གནང་ཡོད་པ་མ་ཟད་བོད་ནང་བོད་མི་ཚོར་སོ་སོའི་སྐད་ཡིག་བེད་སྤྱོད་གཏོང་དུ་བཅུག་གི་མེད་པར་ཐུགས་འཚབ་ཆེན་པོ་གནང་འདུག
འོན་ཀྱང་དེང་སང་རྒྱ་ནག་ནང་རྒྱ་ནག་གི་དབང་འོག་བོད་མི་ཚོ་དཀའ་སྡུག་མྱོང་བཞིན་ཡོད་པ་དང་བོད་ལ་རང་སྲིང་རང་སྐྱོང་དགོས་ཀྱི་ཡོད་པའི་གནས་ལུགས་ཤེས་མཁན་རྒྱ་མི་རིགས་མང་དུ་འགྲོ་གི་ཡོད་པ་མ་ཟད་རྒྱ་ནག་མི་དམངས་ཀྱིས་བོད་པ་ཚོར་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་ཡོད་པ་དང་ལྷག་པར་དུ་རྒྱ་ནག་གི་དཔོན་རིགས་གྲས་སུ་སྒེར་ངོས་ནས་བོད་དོན་ཐད་བློ་འཚབ་བྱེད་མཁན་ཡང་གང་ལ་གང་འཚམས་ཡོད་པའི་སྐོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་སུད་སིའི་ནང་གསར་འགོད་ལྷན་ཚོགས་ཐོག་བཀའ་གནང་འདུག།