ཧོང་ཀོང་ནང་ཡོད་པའི་མང་གཙོ་དོན་གཉེར་བ་ཚོས་ཨ་རི་ལ་རེ་སྐུལ།
རྒྱ་ནག་གཞུང་ལ་དོ་དམ་བྱས་པའི་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་དེ་དག་འཕྲལ་དུ་གློད་འགྲོལ་ཡོང་ཐབས་གནོན་ཤུགས་སྤྲོད་དགོས།
-
2010-05-13 -
-
-
࿏࿏༄༅༎ཧོང་ཀོང་ནང་ཡོད་པའི་ཨ་རིའི་གཞུང་ཚབ་མདུན་དུ་མང་གཙོ་དོན་གཉེར་བ་ཚོས་རྒྱ་ནག་གཞུང་ནས་དོ་དམ་བྱས་པའི་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་པའི་མི་སྣ་དེ་དག་འཕྲལ་དུ་གློད་འགྲོལ་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་ལུགས་ཞུས་ཡོད་འདུག
ད་རིང་རེས་གཟའ་ཕུར་བུའི་ཉིན་ཧོང་ཀོང་ནང་ཡོད་པའི་མང་གཙོ་དོན་གཉེར་བ་ཁག་ཅིག་ནས་ཁུལ་དེར་ཡོད་པའི་ཨ་རིའི་གཞུང་ཚབ་མདུན་དུ་རྒྱ་ནག་གཞུང་གིས་འཛིན་བཟུང་དོ་དམ་བྱས་པའི་རྩོམ་པ་པོ་དང་། ཁྲིམས་རྩོད་པ། གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་མི་གྲངས་ཉི་ཤུ་སྐོར་ཡོད་པ་དེ་དག་འཕྲལ་དུ་གློད་འགྲོལ་ཡོང་ཐབས་སུ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
དེ་ཡང་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་དང་། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་གནང་མཁན་གྱི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཅིག་ལྕོག་གནང་མཁན་ཨེལ་བདྲ་ ཧོས་ཨེ་ཨེཕ་པི་གསར་འགོད་པར། ཨ་རི་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ལ་བརྡ་ལན་གསལ་པོ་སྤྲོད་དགོས་པ་ཞིག་ནི། རྒྱ་ནག་དཔལ་འབྱོར་གྱི་སྟོབས་ཤུགས་ཆེན་པོ་ག་འདྲ་ཞིག་ཆགས་ཡོད་པ་ཡིན་ནའང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ཆེས་རྗེས་ལུས་ཐེབས་ཡོད་པ་གོ་རྟོགས་གསལ་པོ་སྤྲོད་དགོས་ཀྱི་རེད། དེ་འདྲ་ཡིན་དུས་ད་རིང་ང་ཚོས་ཨ་རིའི་གཞུང་ཚབ་བརྒྱུད་རྒྱ་ནག་མཉམ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ངེས་པར་དུ་བཀའ་མོལ་གནང་དགོས་པ་མ་ཟད་ང་ཚོས་ཞུ་འབོད་ཀྱང་ལན་བརྡ་གསལ་པོ་ཞིག་བཟོ་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་འགྲེལ་བརྗོད་གནང་འདུག