ཧོང་ཀོང་གི་གསར་འགོད་པར་ཉེས་རྡུང་བཏང་བར་ངོ་རྒོལ།
ཉེ་ཆར་ཧོང་ཀོང་གི་གསར་འགོད་པ་གསུམ་ལ་རྒྱ་མིའི་ཉེན་རྟོག་པས་ཉེས་རྡུང་བཏང་བར་བརྟེན་ཧོང་ཀོང་ནང་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ།
-
2009-09-13 -
-
-
༄༅༎ཧོང་ཀོང་གི་གསར་འགོད་པ་གསུམ་ཤིན་ཅང་ནང་དུ་བསྐྱོད་དེ་ཉེ་ཆར་ཤིན་ཅང་ནང་དུ་མི་དམངས་ཁྲོད་དུ་གང་བྱུང་དུ་སྨན་ཁབ་བརྒྱབ་ཏེ་རྒོལ་རྡུང་གཏོང་བའི་དོན་རྐྱེན་དེའི་སྐོར་གནས་ཚུལ་མཁོ་གྲུབ་བྱས་པའི་སྐབས་རྒྱ་མིའི་ཉེན་རྟོག་པས་ཁོང་གསུམ་ཉེས་རྡུང་བཏང་བར་བརྟེན་དེ་རིང་རེས་གཟའ་ཉི་མའི་ཉིན་ཧོང་ཀོང་གི་གསར་འགོད་པ་བརྒྱ་ཕྲག་འགའ་ཤས་འདུ་འཛོམས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།
དེ་ཡང་གསར་འགོད་པ་བདུན་བརྒྱ་ཙམ་ཞིག་གིས་ལུས་ཐོག་ལ་རས་ནག་པོ་གྱོན་པ་དང་ལག་ཏུ་ངོ་རྒོལ་གྱི་ཡིག་ཆེན་འཁྱེར་ཏེ་ཧོང་ཀོང་གི་སྲང་ལམ་ཐོག་གོམ་བགྲོས་བྱས་ཏེ་ཤིན་ཅང་ནང་གི་རྒྱ་མིའི་ཉེན་རྟོག་པས་ཁོང་ཚོའི་རོགས་པ་གསར་འགོད་པ་གསུམ་ལ་ཉེས་རྡུང་བཏང་བའི་བྱ་སྤྱོད་ལ་ངོ་རྒོལ་གྱི་འབོད་ཚིག་སྒྲོག་པ་མ་ཟད་ཉེན་རྟོག་པས་དགོངས་སེལ་ཞུ་དགོས་པ་དང་ལྷག་པར་དུ་རྒྱ་ནག་གཞུང་ཕྱོགས་ནས་གསར་འགོད་རང་དབང་ཐོག་དམ་བསྒྲགས་བྱེད་པའི་སྲིད་ཇུས་མཚམས་འཇོག་བྱ་དགོས་ཞེས་སྐད་འབོད་བྱས་ཡོད་པ་རེད། ཟླ་བ་འདིའི་ཕྱི་ཚེས་བཞི་ཉིན་ཧོང་ཀོང་གི་བརྙན་འཕྲིན་ལས་ཁང་ཞིག་གི་གསར་འགོད་པ་རུས་མིང་ལཱེམ་ཟེར་བ་དང་ཁོང་གི་ཕྱག་རོགས་གསར་འགྱུར་པར་རྒྱབ་མཁན་གཉིས་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆི་ནང་དུ་ཉེ་ཆར་སྨན་ཁབ་ཀྱིས་རྒོལ་རྡུང་གཏོང་བའི་དོན་རྐྱེན་ཐོན་པའི་རྗེས་ས་གནས་རྒྱ་ཧན་མི་རིགས་ཚོས་ཁོང་ཚོའི་བདེ་འཇགས་ལ་ཉེན་ཁ་བཟོ་ཡི་ཡོད་ལུགས་ཀྱིས་ས་གནས་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་དོན་རྐྱེན་དེའི་སྐོར་གནས་ཚུལ་མཁོ་གྲུབ་བྱེད་པའི་སྐབས་རྒྱལ་སའི་ནང་གི་རྒྱ་མིའི་ཉེན་རྟོག་པས་ཁོང་གསུམ་འཇུ་བཟུང་ཏེ་ཉེན་རྟོག་ལས་ཁུངས་སུ་དོ་དམ་བྱེད་པའི་རིང་དམ་འགྱིག་བྱས་པ་དང་ཉེས་རྡུང་ཡང་བཏང་ཡོད་ཅིང་དེར་བརྟེན་ཧོང་ཀོང་ནང་གི་གསར་འགོད་པ་དང་དེ་བཞིན་ཧོང་ཀོང་དམངས་གཙོའི་ཕྱོགས་སུ་མདུན་བསྐྱོད་བྱེད་མཁན་གྱི་ཆབ་སྲིད་མི་སྣ་དང་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཆབ་སྲིད་ཚོགས་པ་ཡིན་ནའང་འདྲ་གང་ལྟར་ཧོང་ཀོང་ས་གནས་ཀྱི་གྲོས་ཚོགས་འཐུས་མི་དང་མི་དམངས་ཁྲོད་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་མི་འདྲ་ཡོད་མཁན་ཚང་མས་ད་རེས་ཧོང་ཀོང་གི་གསར་འགོད་པ་ཉེས་རྡུང་བཏང་བའི་བྱ་སྤྱོད་ལ་ལངས་ཕྱོགས་ཅིག་འགྱུར་གྱིས་མཐའ་ཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། ཧོང་ཀོང་གི་གསར་འགོད་ཚོགས་པའི་ཚོགས་གཙོ་མཀ་ཡིན་ཐིང་གིས་རྒྱ་མིའི་ཉེན་རྟོག་པས་གསར་འགོད་པ་ཉེས་རྡུང་བཏང་བའི་དོན་རྐྱེན་དེ་ད་རེས་ཁོ་ན་མ་ཡིན་པར་ན་ནིང་ང་ཚོའི་གསར་འགོད་པས་རྒྱ་ནག་ནང་དུ་གནས་ཚུལ་མཁོ་གྲུབ་བྱེད་པའི་སྐབས་གསར་འགོད་པ་མང་པོར་ཉེས་རྡུང་བཏང་བའི་གནས་ཚུལ་བྱུང་ཡོད་པ་བརྟེན་གནས་སྟངས་ཇེ་སྡུག་ཏུ་འགྲོ་ཡི་ཡོད་པའི་སྐོར་གསུང་པ་མ་ཟད་ས་གནས་གྲོས་ཚོགས་ཀྱི་འཐུས་མི་ཚོས་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་དོན་རྐྱེན་དེའི་ཐོག་ལ་འདྲི་ཞིབ་ནན་པོ་བྱ་དགོས་པའི་དགོས་འདུན་བཏོན་བཞིན་ཡོད་པ་རེད།