ཧོང་ཀོང་གི་དཔོན་རིགས་ཚོས་ངོ་རྒོལ་ལས་འགུལ་བར་ཉེན་བརྡ།

ཧོང་ཀོང་ས་གནས་སྲིད་གཞུང་གི་དཔོན་རིགས་ཚོས་མི་མང་ཀྱི་ངོ་རྒོལ་ལས་འགུལ་བ་ཚོའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་མཉམ་ཉེན་བརྡ་བཏང་ཡོད་འདུག

ཧོང་ཀོང་ནང་གི་མི་དམངས་ཚོས་ངོ་རྒོལ་ལས་འགུལ་སྐབས་ཀྱི་ཉེན་རྟོག་པ། ༢༠༡༩།༨།༥ AFP

ཧོང་ཀོང་ས་གནས་སྲིད་གཞུང་གི་དཔོན་རིགས་ཚོས་མི་མང་ཀྱི་ངོ་རྒོལ་ལས་འགུལ་བ་ཚོའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་མཉམ་ཉེན་བརྡ་བཏང་ཡོད་འདུག
དེ་ཡང་བྷི་བྷི་སི་(BBC)་གསར་འགྱུར་ལས་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་༥ ་ཉིན། ཧོང་ཀོང་ནང་གི་ཚན་པ་ཉི་ཤུ་ཙམ་ནས་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱེད་རྒྱུའི་ཁས་ལེན་བྱས་ཡོད་འདུག་ལ། འདས་པའི་ཟླ་བ་གཉིས་ལྷག་ཙམ་རིང་ཧོང་ཀོང་ནང་གཞོན་སྐྱེས་གཙོ་བོར་འགྱུར་བའི་མི་སེར་དཀྱུས་མ་ཚོས་སྲིད་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་བཞིན་ཡོད་པའི་ཁར་ཉིན་ཤས་ནས་བཟུང་སྔར་རྒྱུན་དང་མི་འདྲ་བར་སྲི་ཞུའི་ལས་བྱེད་ཚོ་ཀྱང་མཉམ་ཞུགས་བྱས་ཡོད་འདུག ལྷག་པར་དུ་གཟའ་མཇུག་སྤེན་པ་དང་ཉི་མ་གཉིས་རིང་ངོ་རྒོལ་བ་ཚོའི་ཐོག་ཉེན་རྟོག་པས་མིག་ཆུ་ཤོར་བྱེད་དུག་རླངས་བཏང་པ་དང་། འདས་པའི་དུས་ཡུན་དེའི་རིང་མི་གྲངས་བཞི་བརྒྱ་ལྷག་ཙམ་འཛིན་བཟུང་དོ་དམ་བྱས་ཡོད་པ་རེད།
གཟའ་ཟླ་བའི་ཉིན་མུ་མཐུད་ནས་ཉེན་རྟོག་པ་དང་ངོ་རྒོལ་བའི་དབར་གདོང་ཐུག་བྱུང་བ་དང་། གནམ་གྲུ་འཕུར་སྐྱོད་བྱེད་རྒྱུ་མཚམས་འཇོག་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་བ་བཅས་ལ་བརྟེན་ས་གནས་སྲིད་གཞུང་གི་སྤྱི་ཁྱབ་ལྕམ་ཀེ་རི་ལེམ་(Carrie Lam)་གྱིས་གསར་འགོད་ལྷན་ཚོགས་ཐོག་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོས་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་དེར་གདོང་ལེན་དང་། ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལ་ཁ་གཡར་ཏེ་ཧོང་ཀོང་གི་འཕེལ་རྒྱས་དང་།  སྤྱི་ཚོགས་བརྟན་ལྷིང་ལ་དོ་ཕོག་གཏོང་གི་ཡོད་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་མ་ཟད། ངོ་རྒོལ་བས་དགོས་འདུན་བཏོན་པ་བཞིན་ཁོང་རང་ཉིད་ཧོང་ཀོང་ས་གནས་སྲིད་གཞུང་གི་སྤྱི་ཁྱབ་ནས་དགོངས་ཞུ་རྩ་བ་ནས་བྱེད་རྒྱུའི་འདུན་པ་མེད་ཅེས་ནན་བརྗོད་བྱས་ཡོད་འདུག གང་ལྟར་ཧོང་ཀོང་ནང་མུ་མཐུད་ནས་གཅིག་མཇུག་གཉིས་མཐུད་ཀྱི་ལས་རིགས་འདྲ་མིན་དང་ཚན་པ་ཚང་མས་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་བྱེད་བཞིན་ཡོད་པས་ལས་འགུལ་གཞི་རྒྱ་ཆེ་རུ་འགྲོ་གི་ཡོད་པ་དེར་ས་གནས་དང་དབུས་གཞུང་གཉིས་ཀའི་ངོས་ནས་སྐྱོན་བརྗོད་དང་ཉེན་བརྡ་གཏོང་བཞིན་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org