རྒྱ་ནག་གི་དཔལ་འབྱོར་སྲིད་ཇུས་སོགས་ལ་སྐྱོན་བརྗོད།
ཨ་མེ་རི་ཀའི་གྲོས་ཚོགས་ཀྱི་གནད་ཡོད་ཚོགས་མི་མང་པོས་རྒྱ་ནག་གི་སྲིད་འཛིན་ལ་སྐྱོན་བརྗོད་དྲག་པོ་གནང་བཞིན་ཡོད་པ་རེད་༎
-
2011-01-20 -
-
-
༄༅༎ཨ་རིའི་སྲིད་འཛིན་མཆོག་ནས་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་མཆོག་ལ་གཞུང་འབྲེལ་གྱི་སྣེ་ལེན་ཟབ་རྒྱས་ཕུལ་བཞིན་ཡོད་ནའང་ ཨ་རིའི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་གཉིས་ཕྱོགས་ལས་གྲུབ་པའི་གྲོས་ཚོགས་ཀྱི་གནད་ཡོད་ཚོགས་མི་མང་པོས་རྒྱ་ནག་གཞུང་གི་དཔལ་འབྱོར་གྱི་སྲིད་ཇུས་དང་དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆ་ནས་རྒྱ་ནག་གི་སྲིད་འཛིན་ལ་སྐྱོན་བརྗོད་དྲག་པོ་གནང་བཞིན་ཡོད་པ་རེད་༎
ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་ཧེ་རི་རིདྲ་ཡིས་ལ་སེ་ལྦེ་ག་སི་གྲོང་ཁྱེར་གྱི་རླུང་འཕྲིན་ལས་ཁང་གི་བཅའ་འདྲི་བྱས་པའི་ནང་ རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་ནི་སྲིད་དབང་སྒེར་འཛིན་པ་ཡིན་པའི་སྐོར་འགྲེལ་བརྗོད་གནང་པ་མ་ཟད་རྒྱ་ནག་གི་སྲིད་འཛིན་ཨ་རིར་མ་འབྱོར་གོང་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་ནས་རྒྱ་ནག་གཞུང་གིས་རྒྱ་ནག་ཤོག་སྒོར་གྱི་རིན་ཐང་རང་སྣང་གང་དྲན་གྱི་བཅག་གཅོག་བྱེད་པའི་གནད་དོན་ལ་རྐྱེན་པས་རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་དཔལ་འབྱོར་གྱི་ཉེས་ཆད་འགེལ་རྒྱུའི་གྲོས་འཆར་བཏོན་ཡོད་པ་རེད་ དེ་བཞིན་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ནང་སྤྱི་མཐུན་ཚོགས་པའི་གནས་ཡོད་འཐུས་མི་དང་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ལྕམ་སྐུ་ཨེ་ལི་ན་རོ་སི་ལེ་ཀྲི་ནེན་གྱིས་ རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོ་གནང་སྟངས་ནི་མང་ཚོགས་ཀྱི་བདེ་སྡུག་དང་དངོས་ཡོད་ཀྱི་དཀའ་ངལ་མཐོང་མི་ཐུབ་མཁན་རྒྱ་ནག་གོང་མའི་གནས་སྟངས་དང་ཁྱད་མེད་ཡིན་པའི་སྐོར་སོགས་སྐྱོན་བརྗོད་གསལ་འདོན་གནང་ཡོད་པ་རེད་ མ་ཟད་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་མང་པོས་རྒྱ་ནག་དང་ཨ་རི་དབར་དཔལ་འབྱོར་གྱི་འབྲེལ་བའི་ནང་ཨ་རིར་ཚོང་འབྲེལ་གྱི་གྱོང་གུན་ཆེན་པོ་ཕོག་པའི་གནད་དོན་གླེང་སློང་དང་རྒྱ་ནག་གཞུང་གི་དཔལ་འབྱོར་གྱི་སྲིད་ཇུས་ལ་སྐྱོན་བརྗོད་གསལ་འདོན་གནང་བཞིན་ཡོད་པ་རེད་ ཨ་རིའི་གྲོས་ཚོགས་གོང་མའི་ནང་དམངས་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ཆའལ་སི་ཤུ་མར་ཡིས་ རྒྱ་ནག་གཞུང་གིས་རྒྱ་ནག་ཤོག་སྒོར་གྱི་འཛའ་ཐང་བཅག་གཅོག་བྱེད་པའི་སྲིད་ཇུས་འོག་ཨ་རིར་དཔལ་འབྱོར་གྱི་གྱོན་གུན་དང་ལས་མེད་ཀྱི་དཀའ་ངལ་འཕྲད་པའི་གནས་སྟངས་ལ་བཟོད་སྲན་བསྟུད་མར་བྱེད་ཐབས་མེད་པར་སོང་ གྲོས་ཚོགས་ནང་རྒྱ་ནག་ལ་དཔལ་འབྱོར་གྱི་ཉེས་ཆད་འགེལ་རྒྱུའི་གྲོས་འཆར་འདོན་གནང་མཛད་པའི་སྐོར་གསལ་འདོན་གནང་བཞག་༎