ཨ་རིའི་སྲིད་འཛིན་ཨོ་ལིམ་པིག་རྩེད་འགྲན་འགོ་འབྱེད་ལ་ཕེབས་རྒྱུ།

ཨ་རིའི་སྲིད་འཛིན་སྦུའུ་ཞི་མཆོག་ཨོ་ལིམ་པིག་གི་མཛད་སྒོར་ཕེབས་རྒྱུ་གནང་བར་རྒྱ་ནག་གི་སྲིད་འཛིན་ནས་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད་

༄༅༎ཨ་རིའི་སྲིད་འཛིན་སྦུའུ་ཞི་མཆོག་རིང་མི་རྒྱ་ནག་ནང་སྐོངས་འཚོགས་གནང་རྒྱུའི་ཨོ་ལིམ་པིག་གི་རྩེད་འགྲན་འགོ་འབྱེད་ཀྱི་མཛད་སྒོར་ཕེབས་རྒྱུའི་ཐག་གཅོད་གནང་བར་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་ཡིས་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་པ་རེད་

དེ་ཡང་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་ཡིས་ད་རེས་ཉི་ཧོང་ནང་སྐོངས་ཚོགས་གནང་བའི་འབྱོར་ལྡན་རྒྱལ་ཁབ་ཁག་གི་ལྷན་ཚོགས་ཀྱི་ཞོར་ལ་སྲིད་འཛིན་སྦུའུ་ཞིའི་ལྷན་དུ་སྐད་བསྒྱུར་བརྒྱུད་བཀའ་མོལ་གནང་བའི་རྗེས་སྲིད་འཛིན་སྦུའུ་ཞི་མཆོག་གིས་ཨོ་ལིམ་པིག་གི་རྩེད་འགྲན་དེ་ཆབ་སྲིད་ཀྱི་རྩེད་འགྲན་ཞིག་ཏུ་ངོས་འཛིན་གནང་གི་མི་འདུག་པས་ང་རང་ཧ་ཅང་གི་དགའ་པོ་བྱུང་ཞེས་བརྗོད་འདུག

ཡང་སྲིད་འཛིན་སྦུའུ་ཞི་མཆོག་གིས་ད་རེས་ཨོ་ལིམ་པིག་གི་རྩེད་འགྲན་འགོ་འབྱེད་མཛད་སྒོའི་ཐོག་ང་རང་གཅིག་པུར་བཅར་རྒྱུ་མ་ཡིན་པར་ངའི་བཟའ་ཟླ་དང་ངའི་ཕ་མ་གཉིས་ཀྱང་བཅར་ཐུབ་པའི་རེ་བ་བྱེད་བཞིན་ཡོད་པས་དེའི་ཐོག་ང་ཚོས་ཁྱེད་རྣམ་པས་སྣེ་ལེན་ཟབ་རྒྱས་གནང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་སྲིད་འཛིན་སྦུའུ་ཞི་མཆོག་གིས་གསུང་ཡོད་ལུགས་ལུང་འདྲེན་གནང་འདུག

ཡང་ཧུ་ཡིས་མུ་མཐུད་གསུངས་ན་ད་རེས་ཨ་རིའི་སྲིད་འཛིན་ལྷན་དུ་འབྲེལ་མོལ་གནང་བའི་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་ཆབ་སྲིད་ཀྱི་རང་དབང་གནས་སྟངས་སོགས་ཀྱི་ཐོག་བཀའ་མོལ་ཞུས་ཡོད་པས་ཁོང་གིས་ངའི་གནས་སྟངས་ཆ་ཚང་མཁྱེན་རྟོགས་ཡོད་པས་ང་ཚོའི་མི་མང་ལ་གསང་པོའི་ཐོག་ནས་གསལ་བཤད་བྱས་ཡོད་ཅེས་གསུངས་པ་དང་ ཕྱི་ཟླ་བརྒྱད་པའི་ཚེས་བརྒྱད་པེ་ཅིང་ཨོ་ལིམ་པིག་གི་རྩེད་འགྲན་འགོ་འབྱེད་མཛད་སྒོའི་ཐོག་མ་ཕེབས་རོགས་ཞེས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་འབོད་སྐུལ་གནང་བྱུང་ཀྱང་རྒྱ་ནག་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་མུ་མཐུད་བཀའ་མོལ་གནང་རྒྱུ་དང་རྒྱ་ནག་འཛམ་གླིང་མདུན་དུ་དམའ་འབེབས་མ་ཡོང་བའི་ཆེད་དུ་བཅར་རྒྱུ་ཡིན་ལུགས་སྲིད་འཛིན་སྦུའུ་ཞི་མཆོག་ནས་གསུང་ཡོད་ལུགས་འགྲེལ་བརྗོད་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org