བལ་ཡུལ་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ།

བཙན་བྱོལ་བོད་མི་བརྒྱ་ཕྲག་འགའ་ཤས་ཀྱིས་ཁ་ས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་དྲུའི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གནང་འདུག

༄༅༎བོད་པའི་གྲྭ་བཙུན་ཐེ་བའི་བོད་མི་བརྒྱ་ཕྲག་འགའ་ཤས་ཀྱིས་ཁ་ས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་དྲུའི་ནང་རྒྱ་ནག་གཞུང་གིས་བོད་ཐོག་བཙན་དབང་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་འབོད་ཚིག་བསྒྲགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གནང་འདུག

ཁ་ས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་གནང་དོན་གཙོ་བོ་ནི་ཉེ་དུས་རྒྱ་ནག་གཞུང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་བཀྲོལ་ཐོབ་ནས་ལོ་ལྔ་བཅུ་འཁོར་བ་ཞེས་པའི་དུས་ཆེན་གསར་བཟོ་བྱས་ཏེ་བོད་མིར་བཙན་དབང་སྒོ་ནས་དུས་ཆེན་ཉི་མོར་སྲུང་བརྩི་བྱེད་དུ་བཅུག་པར་ངོ་རྒོལ་བྱེད་ཕྱིར་ཡིན་པ་རེད། རྒྱལ་ས་ཀ་ཐ་མན་དྲུའི་ནང་བོད་མི་ལྔ་བརྒྱ་ལྷག་གིས་ཕྱག་ཏུ་མར་མེ་དང་བོད་རང་བཙན་སོགས་འབོད་ཚིག་འཁོད་པའི་འཕྲེད་དར་ཕྱར་བཞིན་དུ་བོད་ནང་མི་གསོད་ཁྲག་སྦྱོར་མཚམས་འཇོག་དགོས་པའི་འབོད་ཚིག་བསྒྲགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གནང་སྐབས་བལ་པོའི་ཉེན་རྟོག་མི་སྣས་བཀག་འགོག་བྱས་མིན་འདུག རྒྱལ་ས་ཀ་ཐ་མན་དྲུའི་ནང་གནས་བཞུགས་དགུང་ལོ་སུམ་ཅུ་སོ་བཞི་ལ་ཕེབས་པའི་བསྟན་པ་ཚེ་རིང་ལགས་ཀྱིས་ཁོང་རྣམས་ཞི་བའི་ངོ་རྒོལ་དེའི་ནང་ཕེབས་དོན་ནི་བོད་ཀྱི་བསྟན་པ་ཆབ་སྲིད་དོན་དུ་ལུས་སྲོག་ཤོར་བའི་བོད་མི་རྣམས་ལ་མྱ་ངན་གུས་བཏུད་དང་སྨོན་ལམ་ཞུ་ཕྱིར་དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་མི་གསོད་ཁྲག་སྦྱོར་གྱི་བྱ་ངན་སྤེལ་བཞིན་པ་ཁག་མཚམས་འཇོག་དགོས་པ།བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས་པ།དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་འགྲོལ་དགོས་པའི་དགོས་འདུན་བཏོན་ཕྱིར་ཡིན་ཞེས་ཨེ་པི་གསར་ལས་ཁང་ལ་གསུངས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org