རྒྱ་གར་དང་བོད་ཀྱི་ས་མཚམས་ཁུལ་དུ་གཞུང་ལམ་གསར་བཟོ།
རྒྱ་གར་དང་བོད་ཀྱི་ས་མཚམས་ཁུལ་དུ་གཞུང་ལམ་གྲངས་ཉི་ཤུ་རྩ་བདུན་ཙམ་གསར་བཟོ་གནང་རྒྱུའི་ལས་འཆར་ཕྱི་ཟླ་ལྔ་པ་ནས་འགོ་འཛུགས།
-
2009-01-05 -
-
-
༄༅༎རྒྱ་གར་དང་བོད་ཀྱི་ས་མཚམས་ཁུལ་དུ་རྒྱ་གར་གྱི་ཕྱོགས་ནས་གཞུང་ལམ་གྲངས་ཉི་ཤུ་རྩ་བདུན་ཙམ་གསར་བཟོ་གནང་རྒྱུའི་ལས་འཆར་དེ་འདིའི་ལོའི་ཕྱི་ཟླ་ལྔ་པ་ནས་འགོ་འཛུགས་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་གིས་དབང་འཛིན་བྱེད་བཞིན་པའི་བོད་དང་རྒྱ་གར་གཉིས་དབར་ཀི་ལོ་མི་ཊར་༢༥༠༠ཙམ་གྱི་མཐུན་མོང་གི་ས་མཚམས་ཡོད་ཅིང་རྒྱ་ ནག་གིས་འདས་པའི་ལོ་ངོ་གང་ཙམ་གོང་ནས་བོད་ཀྱི་ས་གནས་མང་པོ་ནས་རྒྱ་གར་གྱི་ས་མཚམས་ཀྱི་ཕྱོགས་སུ་སྣུམ་འཁོར་འགྲོ་བསྐྱོད་ཐུབ་པའི་གཞུང་ལམ་གསར་བཟོའི་ལས་འཆར་ཁག་མང་པོ་འགོ་བཙུགས་བྱས་ཟིན་པ་དང་ལྷག་དོན་དུ་བོད་ཀྱི་སྒོལ་མོ་ས་ཁུལ་ནས་ལྷ་ས་བར་དུ་གསར་བཟོ་བྱས་པའི་མེ་འཁོར་དེ་ཡང་བོད་ཀྱི་གྲོང་ཁྱེར་གཞིས་ཀ་རྩེ་དང་ཀོང་པོ་ཉི་ཁྲི་བར་དུ་རྒྱ་བསྐྱེད་ཀྱི་ལས་འཆར་དང་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ས་མཚམས་ཀྱི་ཕྱོགས་སུ་སྣུམ་འཁོར་འགྲོ་བསྐྱོད་ཐུབ་པའི་གཞུང་ལམ་གསར་རྒྱབ་ཀྱི་ལས་འཆར་གཞི་རྒྱ་ཆེན་པོ་ཡོད་པ་མ་ཟད་དཔག་དོན་དང་འབྲེལ་བ་ཡོད་པའི་ལམ་མང་པོ་བཟོ་ཟིན་པའི་གནས་ཚུལ་ཐོན་ཡོད་པ་རེད། གནད་དོན་དེའི་ཐོག་རྒྱ་གར་གྱིས་དམིགས་བསལ་གྱི་ཐུགས་འཚབ་གནང་གི་ཡོད་པ་མ་ཟད་རྒྱ་གར་ནས་བོད་ཀྱི་ཕྱོགས་སུ་གཞུང་ལམ་གསར་རྒྱབ་དགོས་པའི་གཏམ་བཤད་གནང་མཁན་བྱུང་ཡོད་པ་རེད། བྱས་ཙམ་རྒྱ་གར་གྱི་ནང་སྲིད་བློན་ཆེན་ཅི་རྡམ་སྦ་རམ་མཆོག་གིས་ཉེ་སྔོན་གསར་བསྒྲགས་གནང་བའི་ནང་རྒྱ་གར་གྱི་བྱང་ཤར་གྱི་ས་ཁུལ་གཙོ་བོ་བྱས་པའི་རྒྱ་གར་ནས་བོད་ཀྱི་ཕྱོགས་སུ་ལམ་གསར་པ་ཁག་ཉི་ཤུ་རྩ་བདུན་ཙམ་གསར་རྒྱབ་གནང་རྒྱུ་ཡིན་པ་དང་དེ་ཡང་ལོ་འདིའི་ཕྱི་ཟླ་ལྔ་པའི་ཚེས་གཅིག་ནས་འགོ་འཛུགས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག རྒྱ་གར་གྱི་ནང་སྲིད་བློན་ཆེན་མཆོག་གིས་ལམ་གསར་རྒྱབ་ཀྱི་ལས་འཆར་གྱི་སྙན་ཐོ་གྲ་བསྒྲིག་གནང་རྒྱུ་གཙོས་པས་གྲ་བསྒྲིག་དང་ལས་ཀ་དངོས་གཞི་བྱེད་མཁན་མི་འགྲོ་གྲ་བསྒྲིག་དགོས་པའི་བཀའ་གནང་བཏང་གནང་གྲུབ་པའི་སྐོར་གསུངས་པ་བཅས་ཀྱི་གནས་ཚུལ་ཐོན་འདུག