རྒྱ་ནག་གིས་རྒྱ་གར་ལ་ཚུར་རྒོལ་བྱེད་སྲིད་པའི་ཉེན་བརྡ།

རྒྱ་ནག་གིས་རྒྱ་གར་ལ་ཚུར་རྒོལ་བྱེད་སྲིད་པའི་སྐོར་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་མུ་ལ་ཡམ་སིང་ཡ་རྡལྦ་ཡིས་ཉེན་བརྡ་བཏང་འདུག

༄༅༎རྒྱ་ནག་གིས་རྒྱ་གར་ལ་ཚུར་རྒོལ་བྱེད་སྲིད་པའི་སྐོར་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་མུ་ལ་ཡམ་སིང་ཡ་རྡལྦ་ཡིས་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༩ཉིན་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་དང་ས་མཇ་ལྦ་རྡི་སྲིད་དོན་ཚོགས་པའི་དབུ་འཁྲིད་མུ་ལ་ཡམ་སིང་ཡ་རྡལྦ་ཡིས་རྒྱ་གར་གྱི་གྲོས་ཚོགས་ཐོག་སྟོང་པའི་དུས་ཚོད་སྐབས་བསྩལ་བའི་གསུང་བཤད་ནང་རྒྱ་ནག་གི་རྒྱ་གར་ཐོག་དམག་འཐབ་ཀྱི་ཚུར་རྒོལ་མགྱོགས་པོ་བྱ་སྲིད་པ་དང་དེ་སྔ་༡༩༦༢ལོར་རྒྱ་ནག་གི་ཚུར་རྒོལ་བྱས་པའི་ལོ་རྒྱུས་ལ་དཔྱད་པའི་ཐོག་ནས་དམག་འཐབ་ཀྱི་ཉེན་ཚབས་དེར་ཡིད་ཟབ་ཀྱི་ངོས་འཛིན་བྱ་དགོས་པའི་སྐོར་ནན་བརྗོད་བྱས་ཡོད་པ་རེད་ སྐུ་ཞབས་མུ་ལ་ཡམ་ཡ་རྡལྦ་ཡིས་གསུངས་ན་ རྒྱ་གར་གྱི་ཨ་རུ་ན་ཅལ་དང་ཧི་མ་ཅལ་ ཨུ་ཏར་ཀན་ དེ་བཞིན་ཇམ་མུ་ཀཤི་མིར་གྱི་ལ་དྭགས་ས་ཁུལ་ཁག་མང་པོའི་ནང་རྒྱ་ནག་གི་སིམ་འཛུལ་བྱས་པ་མ་ཟད་ས་ཁྱོན་གྱི་བདག་དབང་ཡོད་ཚུལ་གྱི་ཧམ་བཤད་བྱེད་པའི་རྒྱུད་རིམ་འཕྲོད་ནས་རྒྱ་ནག་གི་རྒྱ་གར་ཐོག་ཚུར་རྒོལ་བྱ་རྒྱུའི་གྲ་སྒྲིགས་མངོན་ཐུབ་པ་དང་ དམག་འཐབ་ཀྱི་ཚུར་རྒོལ་དེ་ཡང་དུས་ཚོད་ག་དུས་ཡང་ཡོང་སྲིད་པ་རེད་ཅེས་ཉེན་བརྡ་བཏང་འདུག

ས་མཇ་ལྦ་རྡི་སྲིད་དོན་ཚོགས་པའི་དབུ་འཁྲིད་མུ་ལ་ཡམ་སིང་ཡ་རྡལྦ་ཡིས་རྒྱ་ནག་གི་དམག་འཐབ་བྱེད་སྲིད་པའི་ཉེན་ཚབ་ཀྱི་གསུང་བཤད་དེར་  གྲོས་ཚོགས་ནང་རྒྱ་གར་གྱི་ཇན་ཏ་རྡལ་སྲིད་དོན་ཚོགས་པའི་དབུ་འཁྲིད་ཤ་རརྡ་ཡ་རྡལྦ་ཡིས་རྒྱབ་སྐྱོར་གཅིག་མཚུངས་ཞུས་ཏེ་གྲོས་ཚོགས་ཐོག་ནས་རྒྱ་ནག་གི་ཚུར་རྒོལ་གྱི་ཉེན་ཚབས་སྐོར་འཕྲལ་མར་བགྲོ་གླེང་བྱ་དགོས་པའི་སྐོར་ནན་བརྗོད་བྱས་ཡོད་པ་དང་ རྒྱ་གར་གྱི་དངུལ་རྩིས་བློན་ཆེན་པཱར་ནབ་མུ་ཀར་ཇི་ཡིས་དེ་ལྟར་བགྲོ་གླེང་གནང་རྒྱུའི་མོས་མཐུན་ཞུས་ཡོད་པའི་སྐོར་བོད་གནས་སྐྱར་ཞིབ་དུས་དེབ་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org