རྒྱ་གར་གྱི་སྲིད་བློན་མཆོག་ཉི་ཧོང་དང་རྒྱ་ནག་ཏུ་ཕེབས་འཆར།
རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་འདི་ཚེས་ཉི་ཤུ་གཅིག་ཉིན་ཐོག་མར་ཉི་ཧོང་དང་དེ་ནས་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་འཆར་ཡོད་འདུག
-
2008-10-20 -
-
-
༄༅༎རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་འདི་ཚེས་ཉི་ཤུ་གཅིག་ཉིན་ཐོག་མར་ཉི་ཧོང་དུ་འཚམས་འདྲི་གཟིགས་བསྐོར་ཕེབས་ཀྱི་ཡོད་པ་དང་ཁུལ་དེར་ཉི་ཧོང་གི་སྲིད་བློན་ཏ་རོ་ཨ་སོ་མཆོག་དང་གཞན་ཡང་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག ཉེ་ཆར་རྒྱ་གར་དང་ཨ་རི་གཉིས་དབར་རྡུལ་ཕྲན་ནུས་ཤུགས་ཀྱི་ཆིངས་དོན་བཞག་ཡོད་པ་ལྟར་ཉི་ཧོང་མཉམ་དུའང་ཞི་བའི་ལས་དོན་ཐོག་བེད་སྤྱོད་བྱེད་རྒྱུའི་རྡུལ་ཕྲན་ནུས་ཤུགས་ཀྱི་འཕྲུལ་རིགས་དང་ཚོང་འབྲེལ་མཉམ་འབྲེལ་བྱེད་རྒྱུའི་གནད་དོན་ཐོག་བཀའ་བསྡུར་གནང་འཆར་ཡོད་འདུག རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཨེ་ཤེ་ཡའི་གནད་དོན་ཐོག་ཉམས་ཞིབ་གནང་མཁན་སློབ་དཔོན་ལ་ལི་མ་ལྦར་མས་སྤྱིར་བཏང་རྒྱ་གར་དང་ཉི་ཧོང་གཉིས་ཀའི་ངོས་ནས་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་སུ་ཁ་ཞེ་གཉིས་མེད་ཡོད་པ་དེ་ལྟར་ཡང་དཔལ་འབྱོར་གྱི་འབྲེལ་བའི་ཐོག་ད་དུང་མུ་མཐུད་ནས་གྲོས་མོལ་ཤུགས་ཆེ་ཙམ་གནང་རྒྱུ་ལྷག་ཡོད་རེད་ཅེས་གསུངས་འདུག ཡང་སྲིད་བློན་མཆོག་ཉི་ཧོང་གི་འཚམས་གཟིགས་གྲུབ་པའི་རྗེས་སུ་རྒྱ་ནག་ཏུ་ཚུགས་རྒྱུའི་ཨེ་ཤེ་ཡ་དང་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་འདུར་ཕེབས་འཆར་ཡོད་པ་རེད་ལ་མན་མོ་ཧན་སིང་མཆོག་ནས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་མེད་དུ་མི་རུང་བ་ཞིག་ཀྱང་ཡིན་ཚུལ་གསུངས་ཡོད་པ་རེད་ འོན་ཀྱང་ཕྱོགས་གཉིས་ཀྱི་ཚོང་འབྲེལ་ཡར་རྒྱས་གཏོང་རྒྱུ་དང་རྒྱུན་རིང་རྩོད་གཞི་ཅན་གྱི་ས་མཚམས་སྐོར་ཐག་ཆོད་ཐུབ་མེད་པ་རེད་ ཕྱོགས་གཞན་ཞིག་ནས་པ་ཀི་སི་ཏན་དང་རྒྱ་ནག་གཉིས་དབར་སྔར་ལས་འབྲེལ་ལམ་ཡག་ཏུ་གཏོང་ཐབས་སུ་དམིགས་ནས་ཉེ་ཆར་པ་ཀི་སི་ཏན་གྱི་སྲིད་འཛིན་ཁུལ་དར་ཕེབས་པའི་མ་ཟད་རྡུལ་ཕྲན་ནུས་ཤུགས་དང་ཆུ་མཛོད་རྒྱབ་རྒྱུ་སོགས་ལ་རྒྱ་ནག་ནས་རོགས་རམ་བྱེད་རྒྱུའི་ཁས་ལེན་བྱས་ཡོདཔ་རེད།