དཔལ་འབར་གཟའ་ཉི་མ་ནས་མཚོ་སྔོན་དུ་བསྐོར་བསྐྱོད།

ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་རེས་གཟའ་ཉི་མ་ནས་མིག་དམར་དབར་མཚོ་སྔོན་ཞིང་ཆེན་ནང་འཁྱེར་རྒྱུའི་འཆར་གཞི་ཡོད་པ་རེད། དུག།

༄༅༎རྒྱ་ནག་ནང་ཚུགས་རྒྱུའི་འཛམ་གླིང་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་དེ་བཞིན་རེས་གཟའ་ཉི་མ་ནས་མིག་དམར་དབར་མཚོ་སྔོན་ཞིང་ཆེན་ནང་འཁྱེར་རྒྱུའི་འཆར་གཞི་ཡོད་པ་ལྟར། ཕྱི་ཚེས་༢༣ཉིན་རྒྱལ་སྤྱིའི་ཨོ་ལིམ་པིག་ཉི་མོར་རྩེད་འགྲན་གྱི་ཉིན་མོ་འང་འཁེལ་གྱི་ཡོད་པའི་སྐོར་གོ་སྒྲིག་གནང་མཁན་ཚོས་གྲོང་ཁྱེར་ཟི་ལིང་ནང་ཁ་ས་གསལ་བསྒྲགས་བྱས་འདུག།

དཔལ་འབར་དེ་བཞིན་རེས་གཟའ་ཉི་མའི་ཉིན་བོད་རང་སྐྱོང་ལྗོངས་ནས་གོར་མུ་གྲོང་ཁྱེར་ནང་མཁའ་ཐོག་ནས་འབྱོར་རྒྱུའི་འཆར་གཞི་ཡོད་པའི་སྐོར་ མཚོ་སྔོན་རྩེད་རིགས་ལས་ཁང་གི་འགན་འཛིན་ ཕེང་ཇེན་པིན་གྱིས་གསར་འགོད་ལྷན་ཚོགས་ཐོག་འགྲེལ་བརྗོད་བྱས་བཞག། མཚོ་སྔོན་ཞིང་ཆེན་ནང་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་ཉིན་གསུམ་རིང་འཁྱེར་རྒྱུ་ཡིན་པའི་ཉིན་དང་པོ་དེ་གོར་མུ་གྲོང་ཁྱེར་ནས་འགོ་འཛུགས་བྱ་རྒྱུ་ཡིན་པ་དང་། ཉིན་གཉིས་པ་མཚོ་སྔོན་པོ་དང་། ཉིན་གསུམ་པ་ཟི་ལིང་གྲོང་ཁྱེར་ནང་འཁྱེར་རྒྱུ་ཡིན་སྐོར་ཕེང་གིས་བརྗོད་འདུག།

པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་མཚོན་རྟགས་ལྔ་ཡོད་པའི་ནང་ནས་གཅིག ཡིང་ཡིང་ཟེར་བ་དེ་བོད་མཚོ་སྔོན་ཁུལ་གྱི་རི་དྭགས་གཙོད་ཟེར་བ་དེ་ཡིན་པ་དང་། རྩེད་འགྲན་ཐོག་སྤྲོད་རྒྱུའི་གསེར་གྱི་རྟགས་མ་དེ་ཚོ་ ཁུན་ལུན་ནས་ཐོན་པའི་གཡང་ཊི་ལ་གསེར་གྱི་ཀོང་བརྒྱབས་ནས་བཟོས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་ནང་གི་ཁུན་ལུན་རི་བོ་ནི་གཡང་ཊིའི་ཐོན་ཁུངས་ཀྱི་ས་གནས་ལྟེ་བ་ཞིག་ཡིན་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org