ཨ་རིའི་སྲིད་འཛིན་ཟུར་པ་ཁར་ཊར་བྱང་ཀོ་རི་ཡར་འཚམས་འདྲི།

ཨ་མི་རི་ཀིའི་སྲིད་འཛིན་ཟུར་པ་ཁར་ཊར་ལྷོ་བྱང་ཀོ་རི་ཡའི་ཛ་དྲག་གི་དཀའ་རྙོག་སེལ་ཐབས་ཀྱི་ཆེད་དུ་བྱང་ཀོ་རི་ཡར་འཚམས་འདྲི་ཕེབས་རྒྱུ།

༄༅༎ཨ་མི་རི་ཀིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇིམ་མི་ཁར་ཊར་Jimmy Carter མཆོག་གི་དབུས་པའི་སྐུ་ཚབ་ཚོགས་པ་ལྷོ་བྱང་ཀོ་རི་ཡའི་ཛ་དྲག་གི་དཀའ་རྙོགས་སེལ་ཐབས་ཀྱི་ཆེད་དུ་བྱང་ཀོ་རི་ཡར་འཚམས་འདྲི་ཕེབས་རྒྱུར་ཐོག་མར་དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ཡོད་པ་རེད།

ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཁར་ཊར་ཡི་དབུ་ཁྲིད་པའི་ཚོགས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་དེ་ནི། རྒྱ་ནག་དང༌། བྱང་ཀོ་རི་ཡ། ལྷོ་ཀོ་རི་ཡ་བཅས་ནང་ཉིན་དྲུག་རིང་འཚམས་འདྲི་གནང་རྒྱུ་ཡིན་ཞིང༌། རྒྱལ་ཁབ་དེ་གསུམ་གྱི་ལྷན་དུ་གཙོ་བོ་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་ལས་གཞི་མཚམས་འཇོག་ཡོང་ཐབས་དང༌། བྱང་ཀོ་རི་ཡའི་ཟ་འབྲུའི་དཀའ་ངལ་སེལ་ཐབས་ཐོག་བཀའ་བསྡུར་གནང་རྒྱུའི་འཆར་གཞི་ཡོད་པ་རེད། རྒྱལ་ཁབ་དེ་གསུམ་གྱི་འཚམས་འདྲིའི་ཐོག་མར་རྒྱ་ནག་ཏུ་ཕེབས་ཡོད་པ་དང༌། དེ་ནས་རེས་གཟའ་མིག་དམར་ཉིན་བྱང་ཀོ་རི་ཡར་འཚམས་འདྲི་དང་དེ་ནས་རེས་གཟའ་ཕུར་བུའི་ཉིན་ལྷོ་ཀོ་རི་ཡ་བཅས་སུ་ཕེབས་རྒྱུ་ཡིན་ཞིང༌། ཐེངས་འདིའི་ཁོང་རྣམས་ཀྱི་འཚམས་འདྲིའི་དམིགས་ཡུལ་ནི། བྱང་ཀོ་རི་ཡའི་དཔོན་རིགས་ཀྱི་ལྷན་དུ་གྲོས་མོལ་གནང་སྟེ། ལྷོ་བྱང་ཀོ་རི་ཡའི་ཛ་དྲག་གི་གནས་སྟངས་ཞི་འཇམ་ཡོང་ཐབས་དང༌། བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་མཚམས་འཇོག་ཡོང་ཐབས་ལ་ཇི་ཙམ་གྱི་ཕྱག་རོགས་ཞུ་ཐབས་འབད་བརྩོན་གནང་རྒྱུ་དང༌། དམིགས་བསལ་བྱང་ཀོ་རི་ཡའི་མི་དམངས་ལ་ཟ་འབྲུ་མི་འདེངས་བའི་དཀའ་ངལ་དེ་ནི་ཧ་ཅང་གི་ཛ་དྲག་པོ་ཡིན་པ་དང༌། དཀའ་ངལ་དེ་མི་ཆོས་རིང་ལུགས་ཀྱི་ཐོག་ནས་ངེས་པར་དུ་སེལ་ཐབས་བྱ་དགོས་པ་ཞིག་ཡིན་དུས། ཟ་འབྲུ་དང་འཕྲོད་བསྟེན་གནས་སྟངས་ཕུག་འགྱངས་རིང་པོར་ཕན་ཐོག་སྐྲུན་ཐུབ་པ་བྱ་རྒྱུར་དཔལ་འབྱོར་གྱི་ཡར་རྒྱས་གལ་འགངས་ཆེན་པོ་ཡིན་པའི་གནད་དོན་ཐོག་ལ་བཀའ་བསྡུར་གནང་རྒྱུ་ཡིན་པ་གསུང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org