ཨ་རིའི་གཞུང་ཚབ་ལྷ་སའི་ནང་འཛུགས་རྒྱུར་གྲོས་ཆོད་བཏོན་པ།

ཨ་མི་རི་ཀའི་གྲོས་ཚོགས་ནས་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་ཡན་ལག་གཞུང་ཚབ་ལས་ཁུངས་འཛུགས་རྒྱུར་གྲོས་ཆོད་ཅིག་གཏན་འབེབས་གནང་འདུག

༄༅༎ཨ་མི་རི་ཀའི་གྲོས་ཚོགས་ནས་ བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་ཡན་ལག་གཞུང་ཚབ་ལས་ཁུངས་འཛུགས་རྒྱུར་ ཨ་རིའི་ཌོ་ལར་ས་ཡ་ལྔ་སྔོན་རྩིས་བཀའ་ཁྲོལ་གནང་པ་སོགས་ཀྱི་ནང་དོན་འཁོད་པའི་གྲོས་ཆོད་ཅིག་གཏན་འབེབས་གནང་ཡོད་འདུག

དེ་ཡང་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་ཁང་གིས་ཕྱི་ཟླ་ ༦ པའི་ཚེས་ ༢༨ ཉིན་སྤེལ་བའི་གསར་འགོད་བསྒྲགས་གཏམ་ཞིག་གི་ནང་ ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་གནང་པའི་གྲོས་ཆོད་དེའི་ནང་ ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་འཛུགས་རྒྱུར་རྒྱ་ནག་གཞུང་གིས་མོས་མཐུན་མ་གནང་བར་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ཨ་རིའི་ས་གནས་གང་ཞིག་ཏུ་ཡང་འཛུགས་རྒྱུར་མོས་མཐུན་བྱེད་མི་ཆོག་རྒྱུ་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་བཀའ་རྒྱ་བསྩལ་ཡོད་འདུག

བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་འཛུགས་རྒྱུའི་གྲོས་ཆོད་དེ་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ནང་ཕྱི་ཟླ་དྲུག་པའི་ཚེས་ ༡༩ ཉིན་གཏན་འབེབས་གནང་ཞིང་ གྲོས་ཚོགས་གོང་མས་ཕྱི་ཟླ་དྲུག་པའི་ཚེས་ ༢༦ ཉིན་གཏན་འབེབས་གནང་ཡོད་པ་རེད་

ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་དཔོན་རིགས་མཐོ་གྲས་ཚོས་གསུངས་པར་གཞིགས་ན་ བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་འཛུགས་རྒྱུ་འདི་ནི་ཨ་རིའི་གཞུང་ནས་རྒྱ་ནག་གི་ས་ཁུལ་འདྲ་མིན་ནང་གཞུང་ཚབ་ཡན་ལག་ལས་ཁུངས་འཛུགས་རྒྱུའི་འཆར་གཞིའི་ཁོངས་ནས་གལ་འགངས་ཆེ་ཤོས་སུ་ངོས་འཛིན་བྱེད་པའི་འཆར་གཞི་དེ་ཡིན་འདུག

བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་འཛུགས་དགོས་པའི་གྲོས་འཆར་དེ་ གྲོས་ཚོགས་གོང་མའི་ནང་འཐུས་མི་ལྕམ་ ཌའེན་ཕཱའེན་སི་ཀྲའེན་ མཆོག་ནས་བཏོན་གནང་བ་དང་ གྲོས་ཚོགས་འོག་མའི་ནང་འཐུས་མི་སྐུ་ཞབས་ མཱཀ་ཀག་ མཆོག་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་འདུག་ཅིང་ ལྷ་སར་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་འཛུགས་རྒྱུར་དམིགས་པའི་ཌོ་ལར་ས་ཡ་ལྔ་དེ་ ཛ་དྲག་གི་དགོས་དངུལ་སྔོན་རྩིས་ཁོངས་སུ་བཀའ་ཁྲོལ་གནང་ཡོད་པ་དང་ འདི་ནི་གཙོ་བོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ ཇཱ་ཌེ་གེརེག མཆོག་ནས་ཤུགས་སྣོན་སྐྱོན་པ་ལས་བྱུང་བ་ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org