༸སྐུའི་འཁྲུངས་སྐར་དང་བསྟུན་ནས་སྦྱིན་པ་གཏང་འཆར།
2009.06.28
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་ནས་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་གྱི་བོད་པའི་སྤྱི་མཐུན་ཚོགས་པས་ཁུལ་འདིར་ནང་ཁྱིམ་མེད་པའི་ཨ་རིའི་བེུད་དང་ལོ་ཆུང་བྱིས་པ་རྣམས་ལ་དགོང་དྲོའི་གསོལ་ཚིགས་གནང་འཆར་འདུག
གོང་ཞུས་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་གསལ་ལྟར་ན་རིང་མིན་ཕྱི་ཟླ་བདུན་པའི་ཚེས་དྲུག་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༤ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་དང་བསྟན་ནས་ཕྱི་ཟླ་བདུན་པའི་ཚེས་ལྔ་རེས་གཟའ་ཉི་མའི་ཉིན་འདི་ག་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་མངའ་ཁུལ་གྱི་བོད་པའི་སྤྱི་མཐུན་ཚོགས་པའི་གོ་སྒྲིག་ཞུས་པའི་འོག་ཚོགས་མི་རྣམས་ཀྱིས་རྒྱལ་སའི་ཁུལ་དུ་ནང་ཁྱིམ་མེད་པའི་དབུལ་ཞིང་ཕོངས་པའི་བེུད་དང་བྱིས་པ་བསྡོམས་༡༥༠ལྷག་ལ་དགོང་དྲོའི་ཞལ་ལག་གནང་རྒྱུ་ཡིན་ཞིང་སྐབས་དེར་ནང་ཁྱིམ་མེད་པའི་བེུད་དང་བྱིས་པ་གནས་ཡུལ་གྱི་གསོལ་ཁང་ནང་རླུང་དར་ལ་སོགས་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ལག་རྩལ་ཁག་འགྲེམས་སྤེལ་དང་མེ་ཏོག་འདྲ་མིན་སྣ་ཚོགས་བཤམས་ནས་མཛེས་རྒྱན་སྒྲོན་རྒྱུ་མ་ཟད་སྐབས་དེར་བོད་པའི་གླུ་གཞས་ལ་སོགས་པའི་རིག་གཞུང་འཁྲབ་སྟོན་ཡང་ཞུ་འཆར་ཡོད་པ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་འདི་གའི་རྒྱལ་སའི་མངའ་ཁུལ་གྱི་བོད་པའི་སྤྱི་མཐུན་ཚོགས་པས་སྦྱིན་གཏོང་གི་ལས་དོན་སྤེལ་བ་བཞིན་བོད་མི་གནས་བཞུགས་གཞན་ཁག་གིས་ཀྱང་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པ་ལྟར་ལྷོ་ཕྱོགས་ཀེ་ལི་ཕོར་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་ནས་ཀྱང་ལྕགས་ཀྲིན་ནང་ཡོད་པའི་བཟའ་མ་གང་མང་མང་ཞལ་འདེབས་བསྡུ་རུབ་ཞུས་ཏེ་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་དབུལ་ཕོངས་མང་ཚོགས་ལ་ཞབས་ཞུའི་ཚོགས་པ་ཁག་ལ་ཞལ་འདེབས་འབུལ་རྒྱུ་ཡིན་པའི་གནས་འཕྲིན་འབྱོར་འདུག་ལ་ས་གནས་གཞན་ཁག་ནས་ཀྱང་དེ་བཞིན་གྱིས་གནས་འཕྲིན་འབྱོར་མུས་ཡིན་འདུག།