བོད་མིའི་སྒེར་ལངས་ཆེན་མོའི་ལས་འགུལ་མཇུག་སྐྱོང་གནང་རྒྱུ།

རྒྱ་གར་ནས་བོད་བར་གྱི་གོམ་བགྲོད་ཀྱི་ལས་འགུལ་མཇུག་སྒྲིལ་ཡོད་ཀྱང་ཕྱི་ཟླ་བརྒྱད་པའི་ནང་ལས་འགུལ་གཞན་པ་བསྐྱར་དུ་འགོ་འཛུགས་གནང་རྒྱུ་ཡིན་འདུག

༄༅༎བཙན་བྱོལ་བོད་མིའི་སྒེར་ལངས་ཆེན་མོའི་ཆ་ཤས་ རྒྱ་གར་ནས་བོད་བར་གྱི་གོམ་བགྲོད་ཀྱི་ལས་འགུལ་དེ་བཞིན་ཉིན་གྲངས་༡༡༠འི་རྗེས་སུ་མཇུག་སྒྲིལ་ཞུས་ཡོད་ཀྱང་ ཕྱི་ཟླ་བརྒྱད་པའི་ནང་ལས་འགུལ་གཞན་པ་བསྐྱར་དུ་འགོ་འཛུགས་གནང་རྒྱུ་ཡིན་འདུག

བཙན་བྱོལ་བོད་མི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་འདི་ལོ་གསུམ་བཅུའི་དུས་དྲན་སྲུང་བརྩིའི་ཉིན་མོ་ནས་འགོ་འཛུགས་གནང་བའི་ བོད་བར་གྱི་གོམ་བགྲོད་ཀྱི་ལས་འགུལ་དེ་བཞིན་ཉིན་གྲངས་༡༡༠འི་རྗེས་སུ་མཐར་མཇུག་སྒྲིལ་གྱིས་ལས་འགུལ་བ་རྣམས་གནས་སྐབས་རིང་རང་གནས་སུ་ཕྱིར་ལོག་དགོས་པའི་གསལ་བསྒྲགས་གནང་ཟིན་པ་རེད་ འོན་ཀྱང་ཚོགས་པ་ཁག་གི་དབུ་ཁྲིད་རྣམས་ཀྱིས་གོམ་བགྲོད་ཀྱི་ལས་འགུལ་མཚམས་འཇོག་གནང་བ་ལས་དེ་མིན་བོད་མིའི་སྒེར་ལངས་ཆེན་མོའི་ལས་འགུལ་མཇུག་སྐྱོང་གནང་རྒྱུ་ཡིན་པ་དང་ ཕྱི་ཟླ་བརྒྱད་པའི་ནང་ཨོ་ལིམ་པིག་རྩེད་འགྲན་རྒྱ་ནག་ནང་དངོས་སུ་ཚུགས་པའི་སྐབས་སུ་བོད་མི་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་ལས་འགུལ་སྤེལ་རྩིས་ཡོད་ལུགས་གསུངས་གནང་འདུག གོམ་བགྲོད་རུ་ཁག་མཐའ་མ་དེ་ཧི་མ་ཅལ་མངའ་སྡེའི་ཀི་ནོར་རྫོང་ཁུལ་གྱི་བོད་དང་རྒྱ་གར་གྱི་ས་མཚམས་སུ་བོད་མི་༤༢ འཛིན་བཟུང་བྱས་པའི་ནང་ནས་བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་འདི་ཚེས་༡༩ཉིན་གློད་བཀྲོལ་བྱས་པའི་རྗེས་སུ་གཏམ་བཤད་གནང་བའི་ནང་ ང་ཚོས་གཞིས་ལུས་བོད་རིགས་སྤུན་ཟླ་ཚོ་བརྗེད་ཐབས་མེད་པས་ ཨོ་ལིམ་པིག་རྩེད་འགྲན་གྱི་སྐབས་མཚམས་སུ་མང་ཚོགས་ཀྱིས་ལས་འགུལ་ཤུགས་ཆེ་ཞིག་སྤེལ་རྒྱུ་ཡིན་ལུགས་གསུངས་གནང་འདུག

དགུ་བཅུ་གསུམ་གྱི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས་བོད་མིའི་སྒེར་ལངས་ཆེན་མོའི་ལས་འགུལ་མཇུག་སྐྱོང་ཆེད་བསྐྱར་དུ་འདུ་འཛོམས་གནང་དགོས་ལུགས་དང་ བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་བཱི་ཚེ་རིང་ལགས་ཀྱིས་ ང་ཚོས་གནས་སྐབས་རིང་སོ་སོའི་ས་གནས་སུ་ཕྱིར་ལོག་གིས་བསྐྱར་དུ་འཆར་གཞི་བརྟིང་ནས་ཕྱི་ཟླ་བརྒྱད་པའི་འདུ་འཛོམས་ཆེན་པོ་ཞིག་གོ་སྒྲིག་གནང་རྒྱུ་ཡིན་ལུགས་གསུངས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org