རྒྱ་གར་ནས་བོད་བར་གོམ་བགྲོད་པ་ས་མཚམས་རྡར་ཆུ་ལར་འབྱོར་རྒྱུ།

རྒྱ་གར་ནས་བོད་བར་གོམ་བགྲོད་གནང་མཁན་བོད་མི་༥༠རྣམས་སང་ཉིན་རྒྱ་གར་དང་བོད་ཀྱི་ས་མཚམས་རྡར་ཆུ་ལ་ལ་འབྱོར་རྒྱུ་ཡིན་འདུག

༄༅༎རྒྱ་གར་ནས་བོད་བར་གོམ་བགྲོད་གནང་མཁན་བོད་མི་༥༠རྣམས་སང་ཉིན་ཕྱི་ཚེས་༡༧སྟེ་གཟའ་མིག་དམར་ཉིན་རྒྱ་གར་དང་བོད་ཀྱི་ས་མཚམས་རྡར་ཆུ་ལ་ལ་འབྱོར་རྒྱུ་ཡིན་འདུག བོད་མི་མང་གི་ལས་འགུལ་ཆེན་པོའི་འོག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་གོ་སྒྲིག་ཞུས་པའི་ལས་འགུལ་དེ་ནི་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་དབུ་འཛུགས་གནང་ཡང་ ལས་འགུལ་འདིར་བགེགས་དང་བར་ཆར་གང་ཙམ་བྱུང་ཡང་ གོམ་བགྲོད་པ་རྣམས་ཀྱིས་སྙིང་སྟོབས་དང་སེམས་ཤུགས་ཞུམ་པ་མེད་པར་མདུན་བསྐྱོད་གནང་སྟབས་སང་ཉིན་ཁོང་རྣམས་བོད་ཀྱི་ས་ཁུལ་ནང་མ་འབྱོར་གོང་རྒྱ་གར་གྱི་ས་མཚམས་གྲོང་ཁྱེར་མཐའ་མ་རྡར་ཆུ་ལར་འབྱོར་རྒྱུ་ཡིན་འདུག དེ་རིང་ཁོང་རྣམས་ཨུ་ཊར་ཁཱན་མངའ་སྡེའི་པི་ཐོ་གར་རྫོང་ཁོངས་ས་གནས་རྡུང་ག་ཊོ་ལི་ཞེས་པའི་ནང་གནས་བཞུགས་གནང་བཞིན་ཡོད་འདུག་

གཟའ་སྤེན་པའི་ཉིན་ཨ་སི་ཀོ་ཊེའི་རྒྱལ་པོ་རཱཇེ་ཝར་ས་ཧིབ་བམ་རའཇེ་སིང་པཱལ་མཆོག་ནས་གོམ་བགྲོད་པ་རྣམས་ལ་དགའ་བསུའི་སྣེ་ལེན་ཞུས་འདུག སྐབས་དེར་ཁོང་གིས་ཕྱི་ལོ་༡༩༥༩ལོའི་གོང་ལ་བོད་ནས་ཚ་ཁྱེར་ནས་ཡོང་བའི་བོད་པའི་ཚོང་པ་རྣམས་ལ་ ཁོང་ནས་སྣེ་ལེན་ཞུ་ཡི་ཡོད་སྐོར་དང་ཕྱི་ལོ་༡༩༥༩ལོའི་རྗེས་སུ་རྒྱ་མིའི་གདུག་རྩུབ་འོག་ནས་ཨ་སི་ཀོ་ཊེ་བརྒྱུད་ནས་བྲོས་བྱོལ་དུ་ཡོང་བའི་བོད་མི་རྣམས་ལ་ངལ་སྐྱོབས་གནང་བ་དང་ ད་ཆ་བོད་ལ་ཕྱིར་ལོག་ཕེབས་མཁན་བོད་མིའི་ཚོགས་ཁག་ལ་དགའ་བསུའི་སྣེ་ལེན་ཞུ་རྒྱུ་བྱུང་བ་དེར་དགའ་སྤོབས་ཡོད་ལུགས་གསུངས་པ་མ་ཟད་ བོད་དོན་འཐབ་རྩོད་དེ་དུས་ཡུན་རིང་པོ་ག་ཚོད་འགོར་ཡང་མཐའ་མ་རྒྱ་མིའི་བཙན་གནོན་འོག་ནས་བོད་མི་རྣམས་རྒྱལ་ཁ་འཐོབ་རྒྱུ་ཡིན་སྐོར་ཡང་གསུངས་འདུག་ རྒྱ་ནག་གཞུང་གིས་བོད་ཀྱི་ས་མཚམས་བརྒྱུད་རྒྱ་མིའི་དམག་མིའི་གྲངས་འབོར་ཇེ་མང་དུ་བཏང་སྟེ་བོད་བར་གོམ་བགྲོད་གནང་མཁན་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཞུ་ཕྱིར་བོད་ནས་ས་མཚམས་བར་ཡོང་མཁན་བོད་མི་སུ་འདྲ་ཞིག་ཡིན་རུང་མེ་མདའ་རྒྱབ་དགོས་པའི་བཀའ་བཏང་ཡོད་འདུག་ བོད་བར་གོམ་བགྲོད་གནང་མཁན་བོད་མི་གྲངས་༣༠༠ལྷག་ཡོད་པའའི་ནང་ནས་བོད་མི་༢༦༥འདི་ཟླའི་ཚེས་༤ཉིན་སྦེ་རི་ནག་ནས་ས་གནས་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཧི་མ་ཅལ་མངའ་སྡེའི་པིན་ཊ་ས་ཧིབ་ལ་གློད་བཀྲོལ་བཏང་ཡང་ བོད་མི་༥༠ལྷག་བསྡད་རྣམས་ནས་ཕྱི་ཚེས་༩ཉིན་གོམ་བགྲོད་མུ་མཐུད་གནང་འགོ་བཙུགས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org