བོད་རྨ་ཁམས་ཁུལ་དུ་ས་ཞིང་འདེབས་ལས་ཡག་པོ་བྱུང་ལུགས།
2009.06.26
༄༅༎རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་འབྲེལ་གསར་ཤོག་བོད་ལྗོངས་ཉིན་རེའི་ཚགས་པར་ཟེར་བའི་ཐོག་ལ་འདི་ལོ་བོད་ཀྱི་རྨ་ཁམས་རྫོང་ཁུལ་དུ་ས་ཞིང་འདེབས་ལས་དེ་སྔ་ལས་ལྷག་པ་བྱུང་ཡོད་པ་དང་དེ་ནི་རྨ་ཁམས་རྫོང་ཁུལ་གྱི་རིམ་པ་ཁག་གི་ཏང་དང་སྲིད་གཞུང་དེ་བཞིན་ཞིང་འབྲོག་ཅུས་སོགས་འབྲེལ་ཡོད་ཞིང་ལས་ཚན་པ་ཁག་གིས་མཐོང་ཆེན་དང་རྒྱབ་སྐྱོར་བྱས་པའི་གྲུབ་འབྲས་ཤིག་ཡིན་ལུགས་དང་ལྷག་པར་དུ་ས་ཞིང་འདེབས་ལས་ཀྱི་ལས་དོན་སྔ་ཙམ་འགོག་ཚུགས་པ་དང་གྲ་སྒྲིག་འཐུས་སྒོ་ཚང་བ།ཚན་རིག་སོགས་ལ་བརྟེན་ནས་འདི་ལོའི་སོ་ནམ་ཞིང་ལས་ཀྱི་ཐོན་སྐྱེད་སྔར་ལས་ལྷག་པ་བྱུང་ཡོད་ཚུལ་བཀོད་ཡོད་པ་རེད། དེ་བཞིན་རྨ་ཁམས་རྫོང་ནང་གི་ས་ཁུལ་གཙང་ཤོད་དང་ཇང་རིགས།ཚ་ཁ་ལྷོ།སྤང་མདའ།སྒ་ཐོག་གྲོང་བརྡལ་བཅས་ནང་སྔར་ལས་ཞིང་ལས་ཐོན་སྐྱེས་ལས་དོན་ལེགས་གྲུབ་ཡོང་རྒྱུའི་འགན་ལེན་བྱུང་བ་མ་ཟད་གྲོང་དེ་དག་ནང་དུ་སྔར་མེད་པའི་ཞིང་ཆུ་འདྲེན་གཏོང་གི་ཡུར་བ་གསར་པ་འཛུགས་སྐྲུན་བྱས་ཏེ་ཁྱོན་རིང་ཚད་སྤྱི་ཁྲེ་ཉིས་སྟོང་བརྒྱ་ཡོད་པའི་ཆུ་ཡུར་བདུན་གསར་པ་བཟོས་པ་དང་ཆུ་ཡུར་༧༢ཉམས་གསོ་བྱས་པ།ཆུ་རྫིང་ལྔ་གསར་པ་བཟོས་པར་བརྟེན་ནས་འདི་ལོའི་རྨ་ཁམས་རྫོང་གི་དཔྱིད་ཀའི་སོ་ནམ་འདེབས་ལས་ཀྱི་ཐོན་སྐྱེད་ལེགས་གྲུབ་ཡོང་རྒྱུ་ཡིན་པའི་སྐོར་བཀོད་ཡོད་པ་རེད། ཡིན་ནའང་བོད་ནང་གི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་ཁམས་སྐད་སྡེ་ཚན་ལ་གནས་ཚུལ་དེ་བདེན་པ་མིན་པ་དང་བརྒྱ་ཆ་བདུན་བཅུ་ལྷག་རྫུན་གཏམ་ཡིན་པ་མ་ཟད་ལོ་ཏོག་ཡག་པོ་ཡོང་མིན་ཆར་ཆུ་བརྟེན་ནས་བྱུང་བ་ཡིན་པའི་འགྲེལ་བརྗོད་གནང་ཡོད་པ་རེད༎