བལ་ཡུལ་ཉེན་རྟོག་པས་བོད་མི་ཉིས་བརྒྱ་ལྷག་འཛིན་བཟུང་བྱས་པ།

བལ་ཡུལ་ནང་བོད་མི་ཚོས་རྒྱ་ནག་གི་གཞུང་ཚབ་མདུན་ངོ་རྒོལ་སྐད་འབོད་བྱས་སྐབས་བལ་ཡུལ་གྱི་ཉེན་རྟོག་མི་སྣས་ཉུང་མཐར་བོད་མི་ཉེས་བརྒྱ་འཛིན་བྱས་འདུག

༄༅༎རེས་གཟའ་མིག་དམར་ཉིན་ བལ་ཡུལ་ནང་གནས་སྡོད་བོད་མི་ཚོས་ བལ་ཡུལ་གྱི་རྒྱལ་ས་ཀཐ་མན་དྲུའི་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་མདུན་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་སྐབས་ བལ་ཡུལ་གྱི་ཉེན་རྟོག་མི་སྣས་ཉུང་མཐར་བོད་མི་ཉེས་བརྒྱ་འཛིན་བྱས་ཡོད་པ་ཕཱ་རན་སི་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་འདུག་

བོད་མི་ངོ་རྒོལ་བ་དེ་དག་མང་ཆེ་བ་གྲ་བཙུན་ཡིན་འདུག་པ་དང་ ཁོང་ཚོས་རྒྱ་ནག་གི་གཞུང་ཚབ་མདུན་ བོད་ནང་མི་གསོད་ཁྲག་སྦྱོར་མཚམས་འཇོག་དགོས་ བོད་ལ་རང་དབང་དགོས་ རྒྱ་ནག་རྫུན་མ་རེད་ཅེས་སོགས་ཀྱི་འབོད་ཚིགས་ཤུགས་ཆེ་བསྒྲགས་འདུག་ཅིང་ ས་གནས་དེར་དངོས་སུ་ཡོད་པའི་ཕཱ་རན་སི་གསར་སྤེལ་ལས་ཁང་གི་གསར་འགོད་པས་གནས་ཚུལ་སྤེལ་བར་གཞིགས་ན་ བལ་པོའི་ཉེན་རྟོག་མི་སྣས་བོད་མི་དེ་དགད་བཙན་ཤུགས་ཆེན་པོའི་ཐོག་ནས་སྤྱི་སྤྱོད་རླངས་འཁོར་དང་ དེ་མིན་གྱི་མོ་ཊ་སོགས་ཀྱི་ནང་བཅུག་སྟེ་འཁྲིད་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་རེད་

འདི་ལོ་བོད་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་སྒེར་ལངས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་བ་ནས་བཟུང་ བལ་ཡུལ་ནང་ཡོད་པའི་བོད་མི་ཚོས་ཧ་ལམ་ཉིན་ལྟར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org