རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ནང་བོད་པའི་སྙན་རྩོམ།

བོད་པའི་རྩོམ་པ་པོ་ཁག་ཅིག་གིས་བྲིས་གནང་བའི་སྙན་རྩོམ་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་སྲེག་ཀྱང་མི་སྲེག་པའི་གསེར་ཞེས་པ་དེ་འགྲེམས་སྤེལ།

༄༅༎རྒྱ་ནག་གཞུང་གིས་དམ་བསྒྲགས་བྱས་པའི་དཔེ་དེབ་ཀྱི་ནང་དོན་དང་རྒྱ་མིས་བཙོན་འཇུག་བྱས་པའི་བོད་པའི་རྩོམ་པ་པོ་ཁག་ཅིག་གིས་བྲིས་གནང་བའི་སྙན་རྩོམ་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་སྲེག་ཀྱང་མི་སྲེག་པའི་གསེར་ཞེས་ཁ་སྦྱང་དུ་འཁོད་པ་དེ་སང་ཉིན་ཇར་མ་ནིའི་གྲོང་ཁྱེར་ཕེ་རེང་ཕ་ཊི་ནང་ཚུགས་བཞིན་པའི་རྒྱལ་སྤྱིའི་དཔེ་དེབ་ཀྱི་འགྲེམས་སྟོན་ཐོག་འགྲེམས་སྤེལ་གནང་རྒྱུ་རེད་འདུག

སྲེག་ཀྱང་མི་སྲེག་པའི་གསེར་ཞེས་བོད་ནང་ནས་ཐོན་པའི་རྩོམ་ཡིག་ཁག་ཕྱོགས་བསྡུས་ཀྱི་དཔེ་དེབ་གསར་པ་དེའི་ནང་བཙོན་ཁང་ནང་གི་མྱོང་ཚོར་དང་དྲི་རྩད་ ཚེ་སྲོག་ཤོར་བའི་གྱོང་གུན་སྐོར་གྱི་རྩོམ་ཡིག་དང་སྔ་ལོ་ཉིས་སྟོང་བརྒྱད་ལོའི་སུམ་ཅུའི་དུས་དྲན་ནས་བཟུང་བོད་ས་ཡོངས་རྫོགས་ནང་བོད་མི་ཚོས་རྒྱ་ནག་གི་བོད་ཐོག་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་བྱས་པའི་ཐོག་རྒྱ་ནག་གིས་དྲག་རྩུབ་ཆེན་པོ་བྱས་ནས་བོད་མི་ཚོར་དཀའ་ངལ་བཟོས་པའི་བོད་མིའི་མྱོང་ཚོར་ཁག་སྙན་ངག་དང་རྩོམ་ཡིག་ཀྱི་ལམ་ནས་གཞིས་ལུས་བོད་མིའི་ལུས་སེམས་གཉིས་ཀྱི་དཀའ་ངལ་དེ་ཚོ་གསལ་སྟོན་གནང་ཡོད་པའི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་གནང་འདུག

སྲེག་ཀྱང་མི་སྲེག་པའི་གསེར་ཞེས་པའི་རྩོམ་ཡིག་དང་སྙན་ངག་ཕྱོགས་བསྡུས་ཞུས་པའི་དཔེ་དེབ་དེའི་ནང་གི་རྩོམ་ཡིག་སྤེལ་མཁན་ཚོ་བོད་དང་རྒྱ་ནག་གཉིས་ནང་ཡོད་པའི་བོད་རིགས་ཡིན་པ་དང་བོད་ཀྱི་རྩོམ་པ་པོ་གྲགས་ཅན་འོད་ཟེར་ལགས་ཀྱིས་བྲིས་གནང་བའི་རྩོམ་ཡིག་ནས་འགོ་འཛུགས་གནང་སྟེ་དཔེ་དེབ་དེའི་ནང་རྒྱ་ནག་གི་བཙོན་འཇུག་དོ་དམ་འོག་ཡོད་པའི་དགེ་འདུན་པ་ཚོས་བརྩམས་གནང་བའི་སྙན་ངག་ཁག་ཅིག་ཀྱང་ཡོད་པ་རེད། དཔེ་དེབ་དེ་སང་ཉིན་གྲོང་ཁྱེར་ཕེ་རེང་ཕ་ཊི་ནང་འཛམ་གླིང་ནང་གི་དཔེ་དེབ་ཀྱི་འགྲེམས་སྟོན་ཆེ་ཤོས་གནང་ཡུལ་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་གནང་བའི་འོག་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཧའན་སེ་ཡ་ནིཀ་ཡིས་འགྲེམས་སྤེལ་གནང་རྒྱུ་ཡིན་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org