བོད་ཀྱི་ལོ་གསར་རྒྱས་སྤྲོས་ཀྱི་ངང་སྲུང་བརྩི་མི་བྱེད་རྒྱུའི་གླེང་སློང་།

བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་ལོ་གསར་རྒྱས་སྤྲོས་ཀྱི་ངང་སྲུང་བརྩི་མི་བྱེད་རྒྱུའི་ལས་འགུལ་སྣ་ཚོགས་སྤེལ་བཞིན་པར་དོ་སྣང་ཇེ་ཆེར་འགྲོ་བཞིན་པ།

༄༅༎སྔ་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་བོད་ནང་བོད་མི་ཚོས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་སྟེ་རྒྱ་ནག་གཞུང་གིས་བོད་མི་བརྒྱ་ཕྲག་འགའ་ཤས་རྐྱེན་ལམ་དུ་བཏང་པ་དང་དེ་ལས་མང་བ་ཞིག་བཙོན་འཇུག་བྱས་པ་དེ་དག་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་བོད་ཕྱི་ནང་གཉིས་ཀའི་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་བོད་རྒྱལ་ལོ་༢༡༣༦ཀྱི་ལོ་གསར་རྒྱས་སྤྲོས་ཀྱི་ངང་སྲུང་བརྩི་མི་བྱེད་རྒྱུའི་ལས་འགུལ་སྣ་ཚོགས་སྤེལ་བཞིན་པར་མང་ཚོགས་ཀྱི་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་ད་ཆ་བཙན་བྱོལ་བོད་གཞུང་གི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་ཡང་གླེང་བྱའི་གནད་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད་འདུག

གཟའ་མིག་དམར་ཉིན་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞི་སྟེ་བོད་ཀྱི་བེུད་ལྷན་ཚོགས་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ།བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་སློབ་ཕྲུག་གི་བོད་རང་བཙན་ཚོགས་པ་ཐོུང་གི་ཐོག་ནས་སྔ་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་བོད་མི་དམར་གསོད་ཕོག་པ་རྣམས་པ་དང་དེ་བཞིན་རྡུང་རྡེག་མནར་གཅོད་ཕོག་མུས་ཚོའི་ཆེད་མྱ་ངན་གུས་བཏུད་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་བོད་རྒྱལ་ལོ་༢༡༣༦གི་ལོ་གསར་གྱི་རྟེན་འབྲེལ་འདི་རྣམ་ཀུན་ལྟར་གཞས་དང་ཞབས་བྲོ་སོགས་ཀྱིས་བརྒྱན་པའི་དགའ་དགའ་སྤྲོ་སྤྲོའི་རྣམ་པའི་ཐོག་ནས་མ་ཡིན་པར་ཞལ་འདོན་གསོལ་འདེབས་ཀྱི་ལས་འགུལ་སྤེལ་བའི་ཐོག་ནས་སྲུང་བརྩི་ཞུ་རྒྱུའི་བསྐུལ་མ་གནང་རྒྱུ་ཡིན་པ་གསལ་བསྒྲགས་གནང་ཡོད་པ་རེད།

དེ་བཞིན་བདུན་སྔོན་མ་རྫོགས་མཚམས་སུ་རྡ་རམ་ས་ལར་བོད་གནད་གླེང་སྟེགས་ཞེས་པའི་བརྗོད་གཞིའི་ཐོག་ནས་གཞོན་སྐྱེས་ཚོའི་བགྲོ་གླེང་ཞིག་ཚུགས་ཡོད་པ་དེའི་སྐབས་ཀྱང་ལོ་གསར་རྒྱས་སྤྲོས་ཀྱི་ཐོག་ནས་སྲུང་བརྩི་ཞུ་རྒྱུ་མེད་པའི་བསམ་ཚུལ་ཤུགས་ཆེ་བྱུང་ཡོད་འདུག བོད་ནང་གི་བོད་མི་མང་དག་ཅིག་གིས་འཆར་ལ་ཉེ་བའི་བོད་ཀྱི་ལོ་གསར་སྲུང་བརྩི་མི་བྱེད་རྒྱུའི་སྐོར་གླེང་སློང་ཤུགས་ཆེ་བྱེད་བཞིན་པའི་སྐབས་འདིར་རྒྱ་ནག་གཞུང་གིས་ཆེད་མངགས་བོད་ཀྱི་ལོ་གསར་འདི་རྒྱས་སྤྲོས་ཀྱི་ངང་སྲུང་བརྩི་ཞུ་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org