པེ་ཅིན་ཨོ་ལིམ་ཕིག་རྩེད་འགྲན་ལྟ་ཁར་ཡོང་མཁན་ལ་དོ་ཕོག་འགྲོ་ཉེན།

ཕྱིའི་རྒྱལ་ཁབ་ཁག་ནས་པེ་ཅིན་ཨོ་ལིམ་ཕིག་རྩེད་འགྲན་བལྟ་བར་ཕེབས་མཁན་གྱི་གྲངས་འབོར་ལ་དོ་ཕོག་འགྲོ་ཉེན་ཡོད་པ་རེད་

༄༅༎ཨོ་ལིམ་ཕིག་གི་རྩེད་འགྲན་རྒྱ་ནག་ཏུ་མ་ཚུགས་གོང་རྒྱ་ནག་ནང་རྐྱེན་ངན་མང་པོ་བྱུང་བའི་དྲིལ་བསྒྲགས་རྒྱ་ཆེ་བྱུང་ཡོད་པར་བརྟེན་ཕྱིའི་རྒྱལ་ཁབ་ཁག་ནས་རྩེད་འགྲན་བལྟ་བར་ཕེབས་མཁན་གྱི་གྲངས་འབོར་ལ་དོ་ཕོག་འགྲོ་ཉེན་ཡོད་པ་རེད་

འདི་ལོ་ལོ་སྟོད་ཙམ་ནས་རྒྱ་ནག་ལྷོ་ཕྱོགས་ཁུལ་དུ་གནམ་གཤིས་ཧ་ཅང་གི་གྲང་ངར་ཆེན་པོ་བྱུང་ནས་ གློག་མི་འདེངས་བའི་དཀའ་ངལ་དང་དེ་བཞིན་བོད་ནང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ རྒྱ་ནག་གི་ཨོ་ལིམ་ཕིག་གི་དཔལ་འབར་རྒྱལ་སྤྱིའི་ནང་སྐོར་བསྐྱོད་བྱེད་པའི་སྐབས་རྒྱ་ནག་གཞུང་དང་སྲིད་དོན་གྱི་བལྟ་བ་མི་མཐུན་མཁན་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེ་ག་ནང་བཞིན་རྒྱ་ནག་ཟི་ཁྲོན་ཁུལ་དུ་ས་ཡོམ་གྱི་འབྱུང་བའི་གནོད་འཚེ་ཤུགས་ཆེ་བྱུང་བ་སོགས་འདི་ལོ་ལོ་སྟོད་ཙམ་ནས་རྒྱ་ནག་ནང་དཀའ་རྙོག་མང་པོ་ཞིག་འཕྲད་ཡོད་པ་རེད་

དེ་ག་ནང་བཞིན་ཡང་རིང་མིན་རྒྱ་ནག་ནང་སྐོངས་འཚོགས་གནང་རྒྱུའི་ཨོ་ལིམ་ཕིག་གི་རྩེད་འགྲན་ཐོག་རྒྱ་ནག་གི་ཤིང་ཅན་ཞེས་འབོད་པའི་ཤར་ཏུར་ཀི་སི་ཏན་གྱི་འཇིགས་སྐུལ་རིང་ལུགས་པས་གཏོར་བཤིག་གི་ལས་འགུལ་སྤེལ་རྒྱུའི་ཉེན་བརྡ་བཏང་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད་ ཡིན་ནའི་རྒྱ་ནག་གཞུང་གི་ངོས་ནས་བདེ་འཇགས་ཀྱི་ལས་དོན་སྤེལ་ཕྱོགས་ཐད་ཐུགས་སྣང་ཤུགས་ཆེ་གནང་གི་ཡོད་པ་རེད་ཅེས་པེ་ཅིང་ཡུལ་སྐོར་སྐོར་སྤྲོ་འཆམ་པ་ཚན་པའི་འགན་འཛིན་ ཀྲང་ ཡིས་གསུང་བཞག

ཡང་ཁོང་གིས་མུ་མཐུད་གསུང་ན། ཉེ་ཆར་ཟི་ཁྲོན་དུ་ས་ཡོམ་གྱི་གནོད་འཚེ་བྱུང་བ་དེས་ཨོ་ལིམ་ཕིག་གི་རྩེད་འགྲན་ཐོག་ཤུགས་རྐྱེན་གང་ཡང་ཐེབས་སྲིད་ཀྱི་མ་རེད་

རྒྱ་ནག་གཞུང་གིས་ཨོ་ལིམ་ཕིག་གི་རྩེད་འགྲན་སྐབས་རྒྱལ་སྤྱིའི་ཐོག་ནས་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་བཞི་འབུམ་ལྔ་ཁྲི་ནས་འབུམ་ལྔ་བར་ཕེབས་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་རེད་ཅེས་ཀྲང་ཡིས་གསར་འགོད་ལྷན་ཚོགས་ཐོག་མུ་མཐུད་གསལ་སྟོན་བྱས་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org