ཨ་རིའི་སྲིད་འཛིན་དང་རྒྱ་ནག་སྲིད་འཛིན་གཞོན་པ་མཇལ་འཕྲད།
ཨོ་སྦ་མ་དང་ཤི་ཇིང་པིང་མཇལ་རྒྱུ་ནི་འབྱུང་འགྱུར་ལོ་བཅུའི་རིང་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ཇི་འདྲ་ཞིག་འབྱུང་མིན་གྱི་ཚོད་བལྟའི་ལས་དོན།
-
2012-02-14 -
-
-
༄༅༎ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་དང་ རྒྱ་ནག་གི་སྲིད་འཛིན་གཞོན་པ་རྣམ་གཉིས་དེ་རིང་གཟའ་མིག་དམར་ཉིན་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་རྒྱུ་འདི་ནི་ འབྱུང་འགྱུར་ལོ་བཅུའི་རིང་ ཤི་ཇིང་པིང་གིས་འགོ་འཁྲིད་པའི་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ལམ་ཇི་འདྲ་ཞིག་འབྱུང་མིན་གྱི་ཚོད་བལྟའི་ལས་དོན་ཐོག་མ་ལྟ་བུར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་ཅིང༌། དགུང་ལོ་ ༥༨ ཡིན་པ་རྒྱ་ནག་གི་སྲིད་འཛིན་གཞོན་པ་གཟའ་འཁོར་གཅིག་རིང་ཨ་མི་རི་ཀའི་ཁུལ་འཚམས་གཟིགས་སུ་ཕེབས་པའི་སྐབས་ ཨ་མི་རི་ཀའི་མི་དམངས་ཀྱི་མཐོང་ཚུལ་བཟང་པོ་བཟོ་ཐབས་དང་ བརྙན་འཕྲིན་བརྒྱུད་རྒྱ་ནག་མི་དམངས་ཀྱིས་ཁོང་གི་ཐོག་མཐོང་ཚུལ་བཟང་པོ་ཞིག་ཡོང་ཐབས་གནང་རྒྱུ་ཡིན་པ་བརྗོད་བཞིན་ཡོད་པ་རེད།
ཤི་ཇིང་པིང་རྒྱལ་ས་ལྦ་ཤིང་ཊོན་དུ་གཟའ་ཟླ་བའི་ཉིན་འབྱོར་ཞིང༌། ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གི་ད་ལྟའི་སྲིད་འཛིན་ཧུ་ཇིན་ཏའོའི་སྲིད་འཛིན་ལས་ཡུན་གཉིས་ཀྱི་དུས་བཀག་གཙང་སྟེ་ ཤི་ཇིང་པིང་ལ་སྲིད་དབང་རྩིས་སྤྲོད་འབྱུང་རྒྱུ་ངེས་པར་ཡིད་ཆེས་བྱེད་བཞིན་ཡོད་པ་དང་ གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་ ཤི་ཇིང་པིང་གིས་རྒྱ་ནག་སྲིད་འཛིན་གྱི་ལས་འགན་རྩིས་ལེན་པའི་སྐབས་ རྒྱ་ནག་ནི་འཛམ་གླིང་ནང་གི་དཔལ་འབྱོར་ཆེ་ཤོས་ཨང་དང་པོར་འགྱུར་ཟིན་སྲིད་པའི་ཚོད་དཔག་ཡང་བྱེད་བཞིན་ཡོད་པ་རེད།
ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀའི་ངོས་ནས་ ཤི་ཇིང་པིང་གི་འཚམས་གཟིགས་འདི་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ལྡན་པ་ཞིག་ཡོང་རྒྱུར་འབད་བརྩོན་ཤུགས་ཆེ་བྱེད་བཞིན་ཡོད་ན་ཡང་ དངོས་སུ་སྲིད་འཛིན་ཨོ་སྦ་མ་དང་ཨ་མ་རི་ཀའི་ཆེས་མཐོའི་དཔོན་རིགས་ཚོ་དང་མཇལ་འཕྲད་སྐབས་ རྒྱ་ནག་གི་མི་དམངས་ཤོག་སྒོར་གྱི་རིན་ཐང་སྤོར་ཆ་བྱེད་དགོས་པ་དང་ ཡུལ་གྲུ་གཉིས་དབར་གྱི་ཚོང་ལས་ཀྱི་བར་ཁྱད་ དེ་བཞིན་ཨ་མི་རི་ཀས་ རྒྱ་ནག་གི་ཁྱིམ་མཚེས་ཡུལ་གྲུ་ ལྦིཡེཏ་ནམ་དང་ ཕི་ལི་པིནསི་སོགས་དང་དམག་དོན་འབྲེལ་ལམ་རྒྱ་སྐྱེད་གཏོང་བཞིན་པ་དང་ རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་ བོད་ནང་གི་གནད་དོན་སོགས་མི་མཐུན་པའི་གནད་དོན་མང་དག་ཅིག་གི་ཐོག་གླེང་སློང་གནང་རྒྱུ་ཡིན་པའི་ཚོད་དཔག་ཡང་བྱེད་བཞིན་ཡོད་པ་རེད།
ཤི་ཇིང་པིང་གིས་ ཤར་ཨེ་ཤི་ཡའི་ནང་ཨ་མི་རི་ཀས་བཟང་ཕྱོགས་ཀྱི་ལས་རིགས་སྤེལ་རྒྱུར་རྒྱ་ནག་གཞུང་ཕྱོགས་ནས་དགའ་བསུ་ཞུ་རྒྱུ་ཡིན་ཡང་ ཆེད་མངགས་ཁུལ་དེའི་ནང་གི་དམག་དོན་སྲུང་སྐྱོབ་ཀྱི་ལས་དོན་ནང་ཤུགས་རྐྱེན་བཟོས་ན་མི་འགྲིགས་པའི་ཉེན་བརྡ་བཏང་ཡོད་པ་རེད།